R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 3b
[B:3b] དམ་པ་འདིའི་སྟེངས་སུ་ངེད་ཀྱི་ཕ་མཚེར་གྱི་ར་བ་ཞིག་གཙིགས་པ་ཡིན་ཟེར་ནས་བཟུང་པས་ངམ་པ་རར་གྲགས་ཏེ་དེ་ནས་མང་དུ་མཆེད། ཡབ་མེས་སྔ་མོའི་མི་ཅིག་འཇུ་ཕུའི་ཅོ་བཙན་གྱི་འཁོར་དུ་སྐྱེས་ནས་དེ་མི་རྣམས་ཀྱིས་མཐོང་བར་ནང་དུ་འོང་། དེ་ལ་ལྟོ་སྐོམ་སྟེར་ཁོའི་ལྷམ་སྡོགས་ཀྱང་འདེབས་དགོས། རེས་ལྟོ་ཟ་འཕྲོ་ལ་ཆུ་བྱང་ཁར་ཅོ་བཙན་དཔོན་གཡོག་བྱོན་ཟེར་འགྲོ་བ་ཡང་ཡོད། དུས་ཕྱི་ཞིག་ན་ཨ་མི་ཀུན་རྒྱལ་ཞེས་བྱ་བ་བྱུང་། དེ་ལ་སྤུན་ཟླ་བསམ་རྡོར་དང་གྲགས་བཟང་བྱ་བ་ཡོད་དེ། གྲགས་བཟང་གི་རྒྱུད་ད་ལྟའི་ཁྱུ་མ་བ་འདི་རྣམས་ཡིན། བསམ་རྡོར་གྱི་རྒྱུད་ལ་བསོད་རྒྱལ་ཞེས་བྱ་བའི་དགེ་བཤེས་བློ་གསལ་ཞིག་ཡོད་པ་ལ་མཆེད་ཟླ་ལྟ་བུར་དགོངས་ཏེ་ཐུགས་རྗེས་བཟུང་ནའང་གཞོན་ནུ་ལ་འདས། ཡང་ཨ་མི་སངས་རྒྱས་སྐྱབས་ཤེས་བྱ་བ་ལ་བུ་དཔོན་ཀུན་དང་སློབ་དཔོན་སང་གྲགས་པ་གཉིས། གཞན་མ་མི་གཅིག་པ་ཅིག་དང་གསུམ་བྱུང་བའི་དཔོན་ཀུན་གྱི་རྒྱུད་རྣམས་ར་མོ་ཆེ་དང་ཆོས་འཁོར་གླིང་སོགས་སྐྱིད་ཤོད་དུ་གཞི་འཆས། སློབ་དཔོན་སང་གྲགས་པ་ནི་ཡབ་ལ་ལོངས་སྤྱོད་མེད་པར་སྒྱེ་གཅིག་དང་ཕོར་བ་གཅིག་བསྣམས་ནས་སྤྱན་གཡས་སུ་བྱོན། མཁན་ཆེན་སངས་རྒྱས་རྒྱལ་མཚན་པའི་ཞབས་ལ་གཏུགས་ནས་རབ་ཏུ་བྱུང་། སྒོས་ཀྱི་སློབ་དཔོན་[A:7]ཤེས་རབ་དཔལ་བ་ལ་བརྟེན་ནས་སྤྱོད་འཇུག་ལ་སློབ་གཉེར་མཛད་པས་ལེགས་པར་མཁྱེན་ནས། ཕྱིས་འཆད་ཉན་ཀྱང་མཛད། དཀར་ནག་གི་རྩིས་དང་གཤིན་པོ་རྗེས་སུ་འཛིན་པའི་ཆོ་ག་ལ་སོགས་པ་ཡོན་ཏན་དུ་མ་དང་ལྡན་པ་བྱོན་ཏེ། དྲུག་བཅུ་རྩ་དྲུག་པ་བྱའི་ལོ་ལ་གཤེགས། ཀུན་རྒྱལ་ལ་བུ་འབྱུང་གནས་རྡོ་རྗེ་ཞེས་བྱ་བ་འཇིག་རྟེན་གྱི་ལོ་རྒྱུས་ལ་སོགས་སྨྲབཟང་བ་ཞིག་བྱུང་སྟེ། སྟོན་མིང་སྟོན་པ་འབྱུང་གནས་རྡོ་རྗེ་ཞེས་ཀྱང་བྱ། དེ་འོག་བསམ་གཏན་འཕེལ་ཏེ་གཞོན་ནུ་ལ་འདས། དེ་འོག་སྟོན་པ་ཚུལ་ཁྲིམས་བསམ་གྲུབ་བོ། འབྱུང་གནས་རྡོ་རྗེ་དང་སྲི་ཐར་སྐྱིད་གཉིས་ལ་སྲས་ལྔ་དང་སྲས་མོ་གསུམ་བྱུང་བའི་སྲས་ཆེ་བས་ཁྱིམ་གཟུང་སྟེ་རིང་པོ་མ་ལོན་པར་འདས། དེ་འོག་ཀྱང་སྔ་མོར་འདས། བཞི་པ་བླ་མ་ནམ་མཁའ་བཟང་སྟེ། ཐུགས་རབ་ཆེ་ཞིང་སྐྱེས་བུ་དམ་པ་མང་པོའི་ཞབས་ལ་གཏུགས་ནས་བསྒོམ་ཆོས་མང་དུ་ཞུས། ལྔ་པ་སློབ་དཔོན་མགོན་རྡོར་རོ། བུ་མོ་ཆེ་