[B:39a] ཤོག་རྟེན་བཅས་གནང་བ། ཉང་ཁའི་སྟག་རྩེར་ཡོད་ཐོག་ཕེབས་པའི་ཞུ་ལན། ལོ་སར་ནས་བཀའ་བཀོད་ཇི་ལྟར་གནང་བ་བཞིན་སླེབ་པ་བྱེད་ཅེས་ཕུལ་བ་འབྱོར་བའི་ཚེ། ཆོས་ཀྱི་རྒྱལ་པོ་སྤྱན་སྔ་རིན་པོ་ཆེ་དག་གི་དབང་ཕྱུག་གྲགས་པ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ལྷའི་དྲུང་དུ་སྙན་བསྐུལ་བཀའ་བགྲོ་བ་གནང་སྟེ། འོལ་ཁ་བ་སོགས་སྦྱིན་བདག་གྲ་སློབ་མཐའ་དག་ལ་བཀའ་ལུང་སྩལ་བས། ཐམས་ཅད་ཀྱང་སྤྲོ་བ་འཕེལ་བར་མཛད། མངོན་པར་དགའ་བའི་ཆོས་རྫོང་ནས། ཚོང་དུས་ཡངས་པ་ཅན་གྱི་ཕོ་བྲང་དུ་འདོ་ལིའི་སྟེང་དུ་བཞུགས་པ་སྤྱན་དྲངས། ཆོས་རྗེ་རིན་པོ་ཆེ་ནམ་པ་དང་། ཆོས་རྗེ་རིན་པོ་ཆེ་ལོ་ཆེན་རྣམ་པ་གཉིས་ལ་སོགས་པའི་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་དང་། ཆོས་ཀྱི་འབེལ་གཏམ་གྱིས་དུས་འདའ་བ་ལས་ཟླ་བ་གཅིག་སོང་རྗེས། བདག་འོལ་ཁར་སླེབ་པའི་དུས། སློབ་དཔོན་ནམ་མཁའ་དཔལ་འབྱོར་ལ་ཇ་འདྲེན་གནང་སྦྱིན་དང་བཀའ་ཡིག་བསྟོད་བསྔགས་ཆེན་པོ་གནང་། དེ་ནས་མེ་ཕོ་སྤྲེའུའི་ལོ་ཟླ་བ་གཉིས་པའི་ཚེས་[A:91]བདུན་གྱི་ཉིན། སྐུ་མདུན་དུ་བདག་གིས་སླེབ་པ་ལ་བཀུར་སྟི་རྒྱ་ཆེན་པོ་དང་། གསེར་ཞོ་བརྒྱ་ལ་སོགས་པའི་གནང་སྦྱིན་སྣ་ལེན་མཛད་དེ། ཆོས་འབུལ་དགོས་པའི་བཀའ་ལུང་ཕེབས་པས། རྟེན་འབྲེལ་ཀྱི་སྒོར་འགྱུར་བའི་དགོངས་པ་དང་དུ་བླངས་ཏེ། དཔལ་མཁའ་སྤྱོད་དབང་པོའི་ཡིག་ཆའི་སྟེང་ནས་གསང་འདུས་རིམ་ལྔ་དང་། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར། རླུང་སེམས་གཉིས་མེད་རྣམས་ཀྱི་ཁྲིད། ཆོས་རྗེ་རང་བྱུང་རྡོ་རྗེའི་བཀའ་འབུམ་ནས་འབྲེལ་པ་བཞི་ལྡན་སོགས་ཀྱི་ལུང་། ཆོས་སྐྱོང་བེར་ནག་ཅན་གྱི་དབང་བཞི་རྫོགས་ཕུལ་ཞིང་། མེ་མོ་བྱའི་སྟོན་མཇུག་ཕག་མོ་ལྷ་ལྔའི་དབང་། བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་དབང་ཡོངས་སུ་རྫོགས་པ། ས་ཕོ་ཁྱིའི་སྟོན་བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་རྒྱུད་འགྲེལ་པ་གྲུ་བརྫིངས་དང་བཅས་པ། རིན་ཆེན་སྣ་བདུན་ལས་རིན་ཆེན་སྣ་ལྔ། དཔལ་མཁའ་སྤྱོད་པས་མཛད་པའི་སྙིང་ཐིག་གི་སྐོར་ལ་སོགས་པའི་ལུང་ཀྱང་ཕུལ་ལོ། དེ་ལྟར་བླ་མ་དུ་མ་ལ་ཆོས་ཀྱི་རྣམ་གྲངས་མང་དུ་གསན་ཡང་། ཐོས་པས་མི་ངོམས་པ་ཉིད་ཀྱི་དགོངས་པ་མངའ་བས་ཞལ་ནས། ང་ཐོས་རྒྱ་དེ་