R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 42a
[B:42a] བཀུར་སོགས་མཛད། དམན་པའི་སྐྱ་སེར་ཇི་ལྟ་བུ་མཇལ་དུ་བྱུང་ནའང་། བག་ཕེབས་པའི་གསུང་འབྱོན། བརྩེ་བས་སྐྱོང་ཅི་ཐུབ་ལས་ཁྱད་གསོད་མི་གནང་། མ་ནུས་པ་གཟིགས་པའི་ཚེཁོའི་མདུན་མའི་ཡོ་སྲོང་དང་སེམས་གསོ་གཟེངས་བསྟོད་དེ་དགེ་བའི་ལམ་ལ་སྦྱོར་རོ། ༡༤ སྐུའི་སྤྱོད་པ་གཙང་བ་ཞེས་པ་ནི། དུས་རྟག་ཏུ་ཐུགས་ཀྱི་འཇུག་པ་གཙང་ཞིང་ཤིན་ཏུ་གྲིམས་པས། ཞལ་ཟས་རྣམས་ཀྱང་མང་ཉུང་རན་པར་བཞེས་ཤིང་། བཞུགས་ཚུལ་ན་བཟའ་བཞེས་ལུགས་ཚུན་སྐུ་གྲིབ་དང་བསྙེལ་ན་མ་གཏོགས་ཉིན་རེ་བཞིན་དུ་འགྱུར་བ་ཅན་མ་ཡིན་པར་ངེས་བཟུང་རྟག་ཐུབ་པ་བསྟར་ཆགས་དང་། གུང་ཚིགས་སོགས་དུས་ལས་མི་ཡོལ། གསུང་ངག་མཆོག་ཏུ་བཙུན་པ་ལས་གཞན་དུ་གྱ་ཚོམས་མི་མངའ་བའོ། མཛད་སྤྱོད་ཐམས་ཅད་མཐའ་གཉིས་དང་བྲལ་བར་སྤྱོད་པ་ཞེས་པ་ནི། རེས་སྐྱོབ་སྐྱེས་པ་སྐད་དུ་བྱས་ཏེ་རིའི་རྩེ་མོ་རྣམས་སུ་འབྲོས་པ་དང་། རེས་གཞན་ལ་ཕན་པ་བརྗོད་ནས་གྲོང་ཁྱེར་གྱི་དབུས་སུ་སྤྱོད་པ་ལྟ་བུའི་མཐོ་དམན་ཅན་མི་མཛད་ཀྱི། ཕལ་ཆེར་བས་མཐའི་གནས་རྣམས་སུ་ཚོགས་ཀྱི་དབེན་པ་བསྟེན་པར་མཛད། རེས་འདོད་ཡོན་གྱི་ཉེས་དམིགས་མཐོང་བ་སྐད་དུ་སྨྲས་ནས་དཀའ་ཐུབ་ཆུ་འཐུང་དང་། རེས་རྣལ་[A:99]འབྱོར་གྲོགས་ལྟ་བུར་ལྟས་ནས་འཇོལ་མྱོག་ཏུ་སྤྱོད་པར་མི་མཛད་ཀྱི། སངས་རྒྱས་ཀྱི་ཆོས་གསུང་བའི་ཚིག་དང་པོ་དེ། འགྲོ་བ་ཟས་ཀྱི་གནས་པར་བྱ་ཞེས་བྱ་བར་འདུག རྗེ་སྒམ་པོ་པས་ཀྱང་འབལ་ལེ་ཟོས་ནས་འབོལ་ལེ་བསྒོམས་བྱ་བ་གསུང་། ལུས་ནི་དགྲ་ལྟར་མཐོང་མོད་ཀྱི། དེ་ལྟ་ན་ཡང་དེ་བསྲུང་བྱ། ཁྲིམས་ལྡན་ཡུན་རིང་འཚོ་བ་ན། དེ་ལས་ཕན་པ་ཆེན་པོ་བྱེད། ཅེས་གསུངས་པ་ཡིན་ཞེས་མཐར་མ་ལྷུང་བར་སྤྱོད། རེས་དགོས་པ་མེད་པ་སྐད་དུ་སྨྲས་ནས་ལྷམ་དང་སྐ་རགས་ཚུན་གཞན་ལ་གཏོང་། རེས་གཞན་གྱི་ནོར་ལ་ཇི་མི་སྙམ་པར་སྤྱོད་པའི་ཧམ་པ་ཡང་མི་མཛད་པར་འཕྲལ་གྱི་འཚོ་ཆས་ཙམ་ལ་ཉར་ཆག་མཛད་པ་ཡིན། རེས་སྨྲ་བ་ལ་དགའ་བའི་ཉེས་དམིགས་རིག་ཟེར་ཞིང་དྲིས་ཀྱང་ལན་མི་འདེབས། རེས་ཕན་པར་འདོམས་པ་སྐད་དུ་མི་