R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 42b
[B:42b] ཉན་ཡང་སྨྲ་བའི་ཚུལ་མི་མཛད་པར། གང་ཟག་གི་རྒྱུད་དང་བསྟུན་པའི་སྤྱོད་ལམ་ལ་མཁས་ཏེ། མདོར་ན་སྐུའི་སྤྱོད་པ་དང་མཛད་པ་ཐམས་ཅད་གཙང་ཞིང་བརྟན་པའི་ཕུལ་དུ་བྱུང་བ་ཡིན་ནོ། ༡༥ འཕྲལ་གྱི་རྣམ་གཡེང་ཐམས་ཅད་ཇེ་ཆུང་ཇེ་ཆུང་དུ་བཏང་ནས་བྱ་བྲལ་གྱི་བརྟུལ་ཞུགས་ཇེ་བཟང་ཇེ་བཟང་དུ་གཏོང་བ་ཞེས་བྱ་བ་ནི། སྨན་གཅིག་ཏུ་ཞི་བྱེད་གསན་དུ་ཕེབས་པའི་ཚེ་ཆོས་རྗེ་རིན་པོ་ཆེ་བྱམས་པ་གླིང་པ་ཞེས་བྱ་བའི་སྐྱེས་བུ་ཆེན་པོ་ཕན་པར་བཞེད་པའི་ཐུགས་ཅན་དེའི་གསུང་གིས། འདིར་སྦྱིན་བདག་རྣམ་པ་ཡང་ཤིན་དུ་གུས་པར་འདུག་པས་ངེད་ཀྱིས་གཞིས་ཀྱང་ཞུས་ནས་འབུལ། འདི་བསྐོར་དུབཞུགས་པ་འཐད་གསུང་བ་ལའང་། བདག་ལ་གཞིས་ཀྱི་དགོས་པ་མེད་པའི་རྒྱུ་མཚན་ཞིབ་པར་གསོལ། ཆོས་རྗེ་སྤྱན་སྔ་རིན་[A:100]པོ་ཆེའི་དྲུང་གིས་ས་ཞིང་མང་དུ་འབུལ་གསུང་བའང་མ་བཞེས། སྦྱིན་བདག་གིས་ལྗང་གི་བཀྲ་ཤིས་དགོན་པ་ས་ཞིང་དང་བཅས་པ་ཕུལ་ནའང་བཞེས་སུ་མ་བཏུབ། ང་ཡིན་པ་རྟ་རྐུན་ཞིག་ཡིན་ཏེ་ཅུང་འཕྱིས་བྱུང་ཟེར་བ་ལྟར། ད་བྱ་བྲལ་དེ་ཅུང་ཟད་འཕྱིས་བྱུང་ཏེ་འཕྲལ་གྱི་འཚོ་ཆས་ཕྱིད་ཕྱིན་ཕྱི་ཚིས་གང་ཡང་མི་བྱེད། གཤེགས་པའི་ཤུལ་དུ་མི་ལ་རས་པ་དང་རྗེ་བཙུན་གྲགས་པ་རྒྱལ་མཚན་གཙང་ཤོས་སུ་བྱེད་པ་ཡིན། དེ་གཉིས་ཀྱང་རྗེ་བཙུན་གཙང་བར་འདུག རྗེ་བཙུན་གྲགས་པ་རྒྱལ་མཚན་པའི་ཤུལ་ནས་ན་བཟའ་དང་གསོལ་ཞལ་ཆ་གཅིག་བྱུང་། ངེད་རང་ཡང་དེའི་རྗེས་སུ་སློབ་གསུང་ནས་ཕྱག་ཏུ་གང་བབས་ཐམས་ཅད་དགེ་བའི་ཕྱོགས་སུ་ཅི་ཐེངས་མཛད། མིའི་ངོ་ཆེན་དང་ངན་རྒྱབ་བདག་གཉེར་གྱིས་ཁ་དྲགམི་འཚོང་། འཁོར་ངན་གྱི་རྗེས་སུ་བང་མི་འདུར། གཞན་ནོར་ལ་ཕྱག་མི་སྐྱོང་། རང་ཕྱོགས་དང་གཞན་ཕྱོགས་ཀྱི་སྡེ་རིས་མི་གཅོད། མི་ཆེ་དཔྲལ་དྲག་ཡུས་པོ་ཆེའི་གདོང་མི་ལེན། རང་གི་མདུན་མ་གཞག་ནས་གཞན་གྱི་འཇིག་རྟེན་གྱི་ཤོམ་ར་མང་པོ་མི་མཛད་པའོ། ༡༦ བསམ་གྱི་མི་ཁྱབ་པའི་མཁྱེན་པ་མངའ་ཡང་ཐ་མལ་པ་ལྟར་མཛད་པ་ཞེས་པ་ནི། ངེས་དོན་རྫོགས་རིམ་གྱི་ལྟ་བའི་དབྱིངས་དང་ཆོས་སྐད་ཀྱི་ཕྲ་ཞིབ་ཐམས་ཅད་སྒོམ་བཟང་པོ་གྲུབ་མཐར་བཤད་པ་ཁོ་ན་ཡིན་པས་ཡུན་དུ་བསྒོམས་པའི་བསམ་གཏན་པ་ཐམས་ཅད་ལའང་ངོ་སྤྲོད་དེ་ཁོ་རང་གི་སྒོམ་ནས་འཁྲིད། མང་དུ་ཐོས་