R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 43a
[B:43a] པ་རྣལ་འབྱོར་དང་མི་ལྡན་པ་རྣམས་ལའང་བསྒོམ་ན་འདིའོ་ཞེས་པའི་རྣལ་འབྱོར་གྱི་ནང་བཤད་ཁོ་ན་གནང་ཡང་འཕྲལ་ནི་བསྒོམ་ཟེར་བ་ཅིག་སྔ་མོའི་དུས་སུ་བྱུང་ནའང་ད་ཅི་ལ་ཟེར་ཅི་ཆ་བ་སྐད་དུ་མཛད་ནས་ང་ཁ་[A:101]བཤད་མཁན་རྟོག་གེ་སྐམ་པོ་ཡིན་གསུང་། ཁ་ཅིག་གིས་ལུང་སྟོན་དྲི་བ་ཞུས་དུས། དེ་ཅི་ཆའོ། ངས་ནི་བརྩིག་པ་འདིའི་ཕྱི་ན་ཅི་ཡོད་ཀྱང་མི་ཐིངས། ཐ་ན་རྨི་ལམ་རྣོ་བ་ཙམ་ཡང་མེད་གསུང་ངོ་། ༡༧ གདུལ་བར་བྱ་བ་ཇི་སྙེད་པའི་རྒྱུད་དམ་པའི་ཆོས་དང་ཅི་འབྱོར་དུ་སྦྱོར་བ་ཞེས་པ་ནི། སློབ་མ་རྣམས་ལ་ཞལ་བསྐོས་འགྲོ་ན་དམ་པའི་ཆོས་ཐོས་བསམ་བསྒོམ་གསུམ་མམ་བསླབ་པ་ལ་གཅེས་སྤྲས་སུ་བྱེད་པའམ་དགེ་བ་གཞན་ཅི་འབྱོར་ཅིག་ལ་ངེས་པར་སྦྱོར་བ་ཡིན་གྱི། རང་བློ་ཉེ་བ་ཙམ་གྱིས་འཇིག་རྟེན་གྱི་ཆོས་ཤིག་ལ་ངེས་པར་སྦྱོར་བའི་ཚུལ་མི་མཛད་པ་འདི་ནི་བླ་ན་མེད་པའི་མཛདཔ་སྟེ། གང་བྱེད་པ་དེ་ལ་གཙོ་བོར་བཏོན་ནས་སློབ་གཉེར་བྱེད་ནའང་མཐུན་པའི་རྐྱེན་སྦྱོར། བསྒོམ་པར་སྤྲོ་ན་བླ་མ་ཚོལ་ལུགས། འཚོ་བ་སྒྲུབ་ཚུལ་ལ་སོགས་པའི་ཐབས་ལེགས་པར་སློབ། ལུགས་རྣམ་པ་གཉིས་ཀྱིས་ཡངས་པའི་ཆབ་སྲིད་ལ་མངའ་མཛད་པ་དག་ཀྱང་དུས་ཟིངས་དང་འཇིག་རྟེན་གྱི་ཕྱོགས་སུ་མི་བསྐུལ་བར་དམ་པའི་ཆོས་ཀྱི་ཕྱོགས་ཁོ་ན་གནང་བར་གསོལ་བ་འདེབས་པར་མཛད་པ་ལ་སོགས་པ་གྲངས་ཀྱིས་མི་ལང་ངོ་། སྙན་པའི་གྲགས་པས་ཕྱོགས་ཀུན་དུ་ཁྱབ་པས་ཆེ་དགུ་ཐམས་ཅད་ཀྱིས་ཞབས་ཀྱི་པད་མར་ཕྱག་བྱས་པ་ཞེས་པ་ནི། སྐུའི་སྙན་གྲགས་ཇེ་ཆེར་སོང་ནས། དབུས་གཙང་གི་མཁས་གྲུབ་ཅི་རིགས་པ་དང་། སྡེ་དཔོན་མི་ཆེ་བ་མང་པོས་ཆོས་ཀྱི་འབྲེལ་པས་གསུང་གི་བདུད་རྩི་མྱང་ཞིང་། བྱ་བ་བཏང་སྟེ་ཀུན་ཏུ་རྒྱུ་བ་དང་། སྡེ་སྣོད་འཛིན་པ་ཕྲན་དང་། དབེན་པའི་གནས་སུ་བསམ་གཏན་པ་དང་། རིག་སྔགས་འཆང་དུ་མ་དང་། དད་པ་དང་ལྡན་པའི་སྐྱེ་བོ་དུ་མ་དག་གིས་ཀྱང་གསུང་གི་བདུད་རྩི་ཆ་ཤས་གསོལ་བར་མཛད་[A:102]པའང་མང་དུ་ཡོད་པ་ལས། ཞལ་སློབ་ཚོགས་པ་སྐྱོང་བའང་བརྒྱ་ཕྲག་ལྷག་པ་བགྲང་དུཡོད་དོ། ༡༨ མི་མཐུན་པའི་ཕྱོགས་ཐམས་ཅད་སྒྱུ་མ་ལྟ་བུ་དང་རྗེས་སུ་མཐུན་པའི་ཏིང་ངེ་འཛིན་གྱིས་བཟློག་པར་ནུས་པ་ཞེས་པ་ནི། སྐུ་ན་