R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 48a
[B:48a] སྐུ་གཟུགས་ཅུང་ཟད་ཐུང་བ་ཡོད་པའི་ལོ་རྒྱུས་དང་མཐུན་པར་བྱུང་ཞེས་གསུང་ངོ་། ཡང་ལན་ཅིག་ཡབ་ཡབ་ཡུལ་གྲོང་ནག་མོ་ན་གཞུགས་པ་སྙམ་བྱེད་པ་ཅིག་ལ་དེའི་གཡུལ་ཁ་ན་ཚུར་དཔལ་རྒོད་ཚང་པ་ཆེན་པོ་ན་བཟའ་ཕྱི་གོས་སྐྱེར་ཁ་ཅིག་བཞེས་ནས་བྱོན་པ་དང་མཇལ་བས། ཐུགས་ལྷག་པར་དད་པར་གྱུར་ནས་ཞབས་ཀྱི་དྲུང་དུ་བསྙེན་པ་དང་། ཡང་སྐབས་ཤིག་ཏུ་ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པ་སྐུ་ལུས་ཤིན་དུ་ཆེ་བ། ན་བཟའ་ངུར་སྨྲིག་མནབས་པ། སྐུ་ཆོས་རྐྱང་པ་བཞེས་ནས་བཞེངས་པ་ཞིག་དང་མཇལ་བས་ཐུགས་དད་ལྷག་པར་འཕེལ་ཏེ་གསོལ་བ་མང་དུ་བཏབ་བོ། མདང་འདི་ལྟར་མཇལ་གསུང་བ་ན་བསམ་གླིང་གཟིམས་ཁང་གི་སྐུ་འདྲ་སྐུ་ཚད་ཡིན་ཟེར་བ་དེ་དང་འདྲ་བར་གདའ་ལགས་སམ་ཞུས་པས་ཤིན་དུ་འདྲ་བར་འདུག འོན་ཀྱང་ཤངས་དེ་བས་ཆེ་བ་སྙམ་བྱེད་ཅེས་གསུང་བ་དེ་དག་གིས་མཚོན་ནས། བླ་མ་གོང་མ་རྣམས་དང་མཇལ་བའི་ཚུལ་མང་དུ་བཀའ་གནང་བར་འདུག་ཀྱང་། ཟིན་བྲིས་སུ་མ་ཐེབས་པར་སྣང་ངོ་། དུས་ལན་ཅིག་རྨི་ལམ་ན། ལྷོ་བྲག་ཡིན་ཟེར་བའི་ལུང་པ་ཕུ་བྱང་དུ་བསྟན་པ། མདའ་ལྷོར་བསྟན་པ་གཅིག་གིས་ཕུ་ན་མར་ལ་ཞལ་ཡང་ལྷོར་ཕྱོགས་ཤིང་ཐུགས་ཀྱང་སྐྱོ་བ་དང་བཅས་ཏེ་ཕེབས་པ་ན། ལུང་པ་དེའི་མ་ཟད་ན་ཡར་ལ་གཟུགས་མི་དང་འདྲ་ཞིང་དབྱིབས་གྲིབ་མའི་རྣམ་པ་རིང་ཐུང་ནམ་མཁའ་ལ་སྙེག་པ་གསུམ་[A:114]ནག་ངམ་ངམ་བྱུང་བས། མ་གི་རྣམས་ཅི་ཡིན་ནམ་གསུངས་པས་སྐུའི་རྒྱབ་ནས་ཀྱང་གྲིབ་མ་འདྲ་བ་ཞིག་ན་རེ། མ་གི་རྣམས་བདུད་གནམ་ལ་སྤྱི་རིངས་བྱ་བ་ཡིན་ཟེར་བས་བར་དུ་གཅོད་པར་མཁྱེན་ནས། དེར་ཕྱག་གཉིས་ཀྱི་མཐིལ་ནམ་མཁའ་ལ་བསྟན་ནས་རབ་ཏུ་རྒྱངས་ཏེ། བཅོམ་ལྡན་འདས་འཇིགས་མཛད་རྡོ་རྗེ་ཐུགས་ལ་དྲན་པ་ཙམ་གྱིས་ཕྱག་གི་མཐིལ་གཉིས་སུ་ཞབས་དག་བཀོད་པའི་རྡོ་རྗེ་འཇིགས་བྱེད་རབ་ཏུ་གསལ་ཞིང་། སྐུ་བོང་ཤིན་དུ་ཆེ་བ་ཞིག་བྱོན་ནས་དེས་ཕྱག་གཉིས་ཀྱིས་མདུན་དེ་ནས་ཕ་ཝང་ཆེན་པོ་ཞིག་བླངས་ཏེ་བདུད་དེ་རྣམས་ལ་རྒྱབ་པས་བདུད་རྣམས་ཐལ་བའི་རྡུལ་བཞིན་དུ་བརླག་པར་མཛད་གསུང་། དེ་ནས་འཇིགས་མཛད་དེ་གར་གཤེགས་ཇི་ལྟར་མཛད་ཞུས་པས་མ་དྲན་གསུང་། སྐབས་ཅིག་མི་གཡོ་བ་བརྟུལ་ཕོད་པའི་རྒྱུད་ལ་