R90: དཔལ་ལྡན་བླ་མ་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གཞོན་ནུ་དཔལ་གྱི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེ་མཆོག་ཏུ་རྒྱས་པའི་ལྗོན་པ།

  • Pagination (Witness B): 4b
[B:4b] དཔོན་གྱི་སར་བཞུགས་པའི་དུས་སུ་མཁན་པོ་ཞུས་ཤིང་སློབ་དཔོན་ལ་སོགས་དགེ་འདུན་གྱི་དབུས་སུ་རབ་ཏུ་བྱུང་བ་དང་དགེ་ཚུལ་གྱི་སྡོམ་པ་ལེགས་པར་མནོས། དགུང་ལོ་བཅུ་དགུ་བཞེས་པ་ལྕགས་ཕོ་སྟག་གི་ལོ་
སྤྱི་ལོ་1410
ལ། ཡར་ལུང་དཔལ་འབར་ཡང་རྩེ་ན་སྔར་གྱི་མཁན་པོ་དེ་ཉིད་དང་། མཁན་ཆེན་རིན་པོ་ཆེརྒྱལ་བཟང་པ། སྐུ་ཆེ་ནའང་ཐུགས་ཤིན་དུ་མཉེན་ཞིང་ལས་ཆོག་བྱང་བས་ལས་[A:9]ཀྱི་སློབ་དཔོན་དུ་གསོལ་བ་བཏབ། བླ་མ་རྐྱང་ཆེན་པ་ལ་གསང་སྟོན་ཞུས། དེ་དུས་བཙུན་པའི་མཐར་ཐུག་པ་བཙན་ཐང་པ་ཚུལ་ཡོས་ལ་སོགས་པས་ལས་ཀྱི་ཁ་བསྐང་སྟེ་སློབ་དཔོན་བསམ་བཟང་པ་དང་དཔོན་སློབ་གཉིས་ཀྱིས་བསྙེན་པར་རྫོགས་པ་མཛད་དེ། ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་ཡོངས་སུ་རྫོགས་པར་གྱུར་ཏོ། ཆོས་རྗེ་དེ་བཞིན་གཤེགས་པ་ཀརྨ་པ་སྤྲུལ་སྐུ་ཆོས་དཔལ་བཟང་པོ་དང་། ཤངས་པ་ཀུན་མཁྱེན་པ་དང་། པཎ་ཆེན་བ་ན་རཏྣའི་དྲུང་དུ་བྱང་ཆུབ་མཆོག་ཏུ་ཐུགསབསྐྱེད་ཅིང་། ཆོས་རྗེ་གུང་སྣང་བ་ལ་བདེ་མཆོག་དྲིལ་བུ་ལུས་དཀྱིལ་གྱི་དབང་བསྐུར་བ་ནོད་པར་མཛད་པའི་ཚུལ་རྒྱས་པར་འོག་ཏུ་བཤེས་གཉེན་སོ་སོ་བསྟན་པའི་སྐབས་སུ་འབྱུང་བ་བཞིན་ནོ། །ཕྱིས་རྗེ་རིན་པོ་ཆེའི་གསང་སྔགས་ལམ་རིམ་ན་དང་པོར་ཕྱི་དཀྱིལ་དུ་མ་ཞུགས་པར་ལུས་དཀྱིལ་དུ་ཞུགས་མི་རུང་ཞིང་ཞུགས་ན་འགལ་བ་ཆེན་པོར་གསུངས་འདུག་པ་གཟིགས་པས་ཅུང་ཟད་གོ་རིམ་ནོར་འདུག་དགོངས་ནའང་། རྗེ་རང་གིས་ཀྱང་དང་པོར་གསན་པའི་དབང་དེ་དྲིལ་བུ་ལུས་དཀྱིལ་དུ་འདུག་གསུང་། གསང་སྔགས་ཀྱི་དཀྱིལ་འཁོར་དུ་ཞུགས་པའི་ཐོག་མ་ནི་དེའོ། དེ་ལྟར་སྡོམ་པ་གསུམ་ཡོངས་སུ་རྫོགས་པར་ཐུགས་རྒྱུད་ལ་མངའ་ཞིང་ཉེས་ལྟུང་ཕྲ་མོ་དག་ཀྱང་མོད་ལ་སྦྱོང་བར་མཛད་དེ་མདོར་ན་ཁ་ན་མ་ཐོ་བའི་སྐྱོན་གྱིས་མ་གོས་པར་བཞུགས་སོ། ། ༥ སྔོན་གྱི་དགེ་བའི་བག་ཆགས་བཟང་པོས་རིགས་སད་པའི་སྐྱེས་བུ་ཆེན་པོ་ཞེས་བྱ་བ་ནི། སྤྱིར་ཐེག་པ་ཆེན་པོའི་རིགས་སད། ཁྱད་པར་སངས་རྒྱས་ཀྱི་ཞིང་ཕྱི་རོལ་ཡངས་པ་མངོན་པར་རྟོགས་པ་འགྱུར་བའི་རིགས་སད་པས་ངེས་དོན་གྱི་ཆོས་སྐད་ཐམས་ཅད་ཀྱི་ཀློང་རྡོལ། མདོ་སྡེ་ཟབ་མོ་རྣམས་ཀྱི་[A:10]དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པ་ལ་ཐོགས་པ་མེད་པར་གྱུར་པ་ཡིན་མོད་ཀྱི། འདིར་དངོས་སུ་བརྗོད་པར་བྱ་བ་ནི་འཕྲལ་གྱི་མཛད་པ་ཐམས་ཅད་སྟབས་ཡགས་ཀྱི་དབང་གིས་བྱུང་བ་མ་ཡིན་གྱི་