R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 102
[A:102]གྲོས་ལ་དབང་བ་རྣམས་ཀྱི་བོད་འབངས་བྱིན་པོ་སྤྲོ་བ་བསྲིང་བའི་ཕྱིར་དུ་རེ་ཞིག་ཟལ་མོ་སྒང་དུ་སྙུང་བ་སྐད་དང་། སྐུ་གཤེགས་པའི་ཚུལ་བྱས་པར་བྱེད་དོ། །རྒྱ་བཟའ་ཀོང་ཇོ་ལྕགས་མོ་གླང་ལོ་ལ་རྒྱ་ནག་ནས་བྱོན། བོད་ཡུལ་དུ་ལོ་ལྔ་བཅུ་རྩ་བརྒྱད་བཞུགས་པར་བྱེད་དོ། །སྲོང་བཙན་བང་སོ་འཕྱོངས་རྒྱས་མདའ་རུ་བཏབ། །ཆེ་ཆུང་ཚད་ནི་དཔག་ཆེན་མདའ་རྒྱང་གང་། །ནང་ན་ལྷ་ཁང་ལྔ་ཡང་བྱས་སོ་སོ་སྐད། །བང་སོ་ནང་རྒྱན་ཅན་དུ་གྲགས་པ་ཡིན། །བང་སོ་གྲུ་བཞིར་བརྩིགས་པ་དེ་ནས་བྱུང་། །མིང་ལ་སྨུག་རི་སྨུག་པོ་ལེགས་སོ་སྐད། །རྗེ་དེ་དང་། མོན་བཟའ་ཁྲི་ལྕམ་གྱི་སྲས། གུང་སྲོང་གུང་བཙན། བློན་པོ་ནི། མང་པོ་རྗེ་ཞང་སྣང་དང་། སྣུབས་བཙན་དོ་རེས་བྱས། ཆབ་སྲིད་ལོ་ལྔ་བཟུང་། དགུང་ལོ་བཅོ་བརྒྱད་པ་ལ་འདས་ནས། སླར་ཡང་ཡབ་ཀྱི་རྒྱལ་སྲིད་བཟུང་བ་ཕྱེད་མར་བགྲང་སྐད། གུང་སྲོང་བང་སོ་དོན་མཁར་མདའ་རུ་བརྩིགས། །གྲལ་ནི་གནམ་རི་སྲོང་བཙན་གཡོན་ན་ཡོད། ། མིང་ནི་གུང་སྲི་གུང་ཆེན་ལེགས་སོ་སྐད། །རྗེ་དེ་དང་། ཤ་བཟའ་ཀོང་ཇོ་མོ་རྗེའི་སྲས། མང་སྲོང་མང་བཙན་ལོ་བཅུ་གསུམ་ནས། མེས་པོ་འདས། ལོ་བཅོ་ལྔའི་བར་ལ་སྲིད་བཟུང་། བློན་པོ་མགར་སྟོང་བཙན་ཡུལ་ཟུང་དང་། འཆི་མས་འདས་གཉེར་གྱི་བྱས། ལོ་ཉི་ཤུ་རྩ་བདུན་པ་ལ་གཙང་གི་བང་སྣང་དུ་འདས་སོ། །མང་སྲོང་བང་སོ་སྲོང་བཙན་གཡོན་ན་ཡོད། མིང་སྡོང་ཤར་སྲལ་པོ་བྱ་བ་ལགས། རྗེ་དེ་དང་འགྲོས་ཁྲི་སེ་ཁྲི་མ་ལོད་ཀྱི་སྲས། འདུས་སྲོང་མང་པོ་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོ་ནི། ཆུ་མོ་བྱ་ལོ་བ་སྟེ། མ་འཁྲུངས་གོང་ཙམ་དུ་ཡབ་འདས། འཁྲུངས་འཕྲལ་ནས་དགུང་ལོ་ཉི་ཤུ་རྩ་དགུའི་བར་ལ་སྲིད་བཟུང་། འདིའི་རིང་ལ་བོད་དུ་རོལ་མོའི་རྣམ་གྲངས་མང་པོ་འབྱུང་བའི་སྔ་ལྟས་ལ། རྩལ་པོ་ཆེ་མི་བདུན་བྱུང་བ་