[A:129]གནས་པ་ལ། །ཐུབ་དབང་ས་ཕོ་འབྲུག་ལ་འཁྲུངས་པ་ནས། །ལོ་གྲངས་ཆིག་སྟོང་ལྔ་བརྒྱ་སུམ་ཅུ་དྲུག །འདས་པའི་ཆུ་བོ་ཁྱི་ལ་བོད་རྒྱལ་གྱི། །སྔ་བ་གཉའ་ཁྲི་བཙན་པོ་རྒྱལ་སར་བྱོན། །དེ་ནས་དགུ་བརྒྱ་དྲུག་ཅུ་རྩ་གཅིག་ལ། ཁྱི་ལོ་ཐོ་རི་སྙན་བཙན་བྱོན་པ་ནས། །བརྒྱ་དང་གོ་བདུན་སོང་བའི་མེ་མོ་གླང་། །སྲོང་བཙན་སྒམ་པོ་འཁྲུངས་ནས་ཆིག་བརྒྱ་དང་། །དོན་བཞི་ལྕགས་རྟ་ལོ་ལ་བྲག་དམར་དུ། ཁྲི་སྲོང་ལྡེ་བཙན་འཁྲུངས་རྟིང་དོན་དྲུག་པའི། །མེ་ཕོ་ཁྱི་ལ་མངའ་བདག་ཁྲི་རལ་འཁྲུངས། །སོ་དྲུག་ལྕགས་བྱའི་བར་ལ་རྒྱལ་སྲིད་བཟུང་། །དེ་ཡན་རྒྱལ་རབས་བཞི་བཅུ་ཞེ་གཉིས་བྱོན། །དེ་རྟིང་ཆུ་མོ་ཕག་ནས་ལྕགས་རྟའི་བར། །དྲུག་ཅུ་རྩ་བརྒྱད་དར་མས་བསྟན་པ་བསྣུབས། །བོད་ཁམས་དབུས་གཙང་དམ་ཆོས་སྒྲ་མི་གྲགས། །དེ་ནས་བསྟན་པ་ཕྱི་དར་མེ་སྟག་ལོ། །པཎ་ཆེན་བྱོན་པ་ཡན་ལ་ཉིས་བརྒྱ་དང་། །དགུ་བཅུ་གོ་བདུན་མེ་སྟག་དེ་ལོ་ནས། །དེང་སང་ཤིང་སྟག་བརྒྱད་དཀར་དབུས་གནས་ཡན། །ཉིས་བརྒྱ་ཉི་ཤུ་རྩ་བརྒྱད་སྔར་འདས་ཀུན། ། དྲིལ་བས་སུམ་སྟོང་ལྔ་བརྒྱ་གྱ་ལྔ་སོང་། །མ་འོངས་བསྟན་པའི་ལྷག་མ་ཆིག་སྟོང་དང་། །བཞི་བརྒྱ་བཅོ་ལྔ་ཡོད་པ་བརྩི་བ་ལ། །རྟགས་ཙམ་འཛིན་པ་ལྔ་བརྒྱ་ཐེ་ཞེས་ལོ། །འདི་དོན་གོ་བའི་སྐྱེས་བུ་ཤེས་ལྡན་ཀུན། །བསྟན་པ་རིན་ཆེན་སྒྲོན་མེ་གསལ་དུས་འདིར། །རྣམ་གྲོལ་ཐར་པའི་ལམ་ལ་འཇུག་པ་རིགས། །ཆོས་རྒྱལ་རྒྱལ་རབས་འདི་བྲིས་དགེ་བ་ཡིས། །ཐུབ་བསྟན་བསྟན་པའི་སྒོར་ཞུགས་འཕགས་ཚོགས་ཀྱི། །བསྟན་འཛིན་འཛིན་མའི་ངོས་ཀུན་ཁྱབ་གྱུར་ནས། །འགྲོ་ཀུན་ཀུན་མཁྱེན་རྒྱལ་པོ་མྱུར་ཐོབ་ཤོག།།།