R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 130
[A:130]བོད་ཀྱི་བློན་ཆེན་མཛངས་པ་མི་བདུན་གྱི་བྱུང་ཚུལ་བཞུགས་སོ། ། ཨོཾ་སྭ་ཏི། བོད་དུ་ཆོས་རྒྱལ་མེས་དབོན་རིམ་པ་ཡི། །མངའ་ཐང་ཆབ་སྲིད་རིགས་མཐུན་བསོད་ནམས་ལས། །སྤྲུལ་པའི་བློན་ཆེན་མཛངས་ལ་མང་བ་བྱོན། ཁྱད་པར་བོད་འབངས་བྱིན་ལ་དྲིན་ཆེ་བའི། །མཛངས་པ་མི་བདུན་བྱ་བ་འདི་ལྟར་རོ། །ཐོག་མར་གྲི་གུམ་བཙན་པོའི་སྲས་གསུམ་གྱི། །བར་པ་སྤུ་ཏེ་གུང་རྒྱལ་སྐུ་རིང་ལ། །གཅིག་ཏུ་མཛངས་པ་ཆེན་པོ་མཛངས་ཀྱི་བུ། །རུ་ལས་སྐྱེས་ཀྱི་ངར་གསོས་བྱ་བ་ཡིན། །དེ་ཡིས་ཐབས་དང་ལས་ཀ་ཅི་བྱས་ན། །བ་གླང་འབྲི་གནག་ར་ལུག་ཁྲིམས་སུ་བསྩལ། །རྩྭ་ལ་ཆུན་པོ་བྱས་ནས་དབྱར་རྩི་དགུན་དུ་བསྕལ། །སྤང་ཐང་ཞིང་དུ་སློག་ནས་རི་ཡི་ངོ་རྣམས་བཟུང་། །དེ་ཡི་གོང་ན་བོད་ན་རྩི་ཐོག་ལོ་ཐོག་མེད། ཁྲི་སྙན་བཟུང་བཙན་རྒྱལ་པོའི་སྐུ་རིང་ལ། །གཉིས་སུ་མཛངས་པ་བློན་ཆེན་ཁུ་ཡི་བུ། །ལྷ་བུ་མགོ་དཀར་ཞེས་པ་དེ་ཉིད་བྱུང་། །དེ་ཡིས་ཐབས་དང་ལས་ཀ་ཅི་བྱས་ན། །འབྲོག་གི་དོན་དང་ཞིང་གི་མཐུན་དུ་འདེབས། །མཚོ་ལ་གཏར་ཁ་བྱས་ནས་ཡུར་བ་དཀྱུས་སུ་བཅུག །ཕུ་ཆུ་རྫིང་དུ་བསྐྱིལ་ནས་མཚན་ཆུ་ཉིན་དུ་དྲངས། །དེའི་གོང་ན་ཞིང་རྣམས་ཆར་མར་འདེབས། །སྟག་རི་གཉན་གཟིགས་རྒྱལ་པོའི་སྐུ་རིང་ལ། །གསུམ་དུ་མཛངས་ཞིང་མཁས་པ་མོང་གི་བུ། ཁྲི་དོ་རི་ཡི་གནང་ཚབ་བྱ་བ་བྱུང་། །དེ་ཡིས་ཐབས་དང་ལས་ཀ་ཅི་བྱས་ན། །རྡོ་ལ་