R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 131
[A:131]སོལ་བས་བཞུ་ནས་གསེར་དངུལ་ཟངས་ལྕགས་བཏོན། ཤིང་ལ་བུག་པ་ཕུག་ནས་ཤོལ་དང་གཉའ་ཤིང་བཅོས། །མཛོ་གླང་དོར་དུ་སྡེབ་ནས་ཐང་ལ་ཐམས་ཅད་བཏབ། །དེའི་གོང་ན་བོད་ན་རྒལ་དང་རིན་ཆེན་མེད། །ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ། །བཞི་རུ་མཛངས་པ་ཐོན་མི་སམ་བྷོ་ཊ། འཇམ་དབྱངས་སྤྲུལ་པ་སྐྱེ་དགུའི་སྒྲོན་མེ་དེས། །འགྲོ་བའི་དོན་ལ་དཀའ་བ་དཔག་མེད་ཀྱིས། ། ཀ་ཁ་སུམ་ཅུ་བོད་ཀྱི་གུག་སྐྱེད་བཅས། །འདོགས་དང་འབྲེལ་སྦྱར་ཚག་དང་ཤད་ཀྱི་བཅད། །ཚིག་གི་དབྱེ་ནས་སྐབས་དོན་སྨྲ་བ་བརྩམས། །དེ་གང་བོད་ན་ཀློག་དང་ཡི་གེ་མེད། ཁྲི་ལྡེ་གཙུག་བརྟན་རྒྱལ་པོའི་སྐུ་རིང་ལ། །ལྔ་རུ་མཛངས་པ་ཁྲི་བཟང་ཡབ་དོན་བྱུང་། །དེ་ཡི་ཐབས་དང་ལས་ཀ་ཅི་བྱས་ན། །བྲེ་དང་སྲང་གི་འདུ་འགོད་གཙིགས་སུ་བཟུང་། །བྲེ་དང་ཁྱོར་གྱི་ཟ་མ་ཟུང་དུ་འཛིན། །དགའ་གཉིས་ཚོང་བྱེད་མཐུན་གཉིས་ལས་ལ་ཡོད། །དེ་གོང་བོད་ན་བྲེ་སྲང་ཉོ་ཚོང་མེད། །ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་རིང་། དྲུག་ཏུ་མཛངས་པ་ཁྲི་བཟང་ཡབ་ལྷག་བྱོན། །དེའི་ཐབས་དང་ལས་ཀ་ཅི་བྱས་ན། །ར་ཁྱིམ་ཐམས་ཅད་ཀླུང་གི་བདེ་ལ་ཕབ། །ཞིང་མཐའི་སྒང་ལ་སོ་ནམ་ཁང་ཁྱིམ་བཅས། །ཐང་མ་ཞིང་དུ་སློག་ནས་ཆུ་རྣམས་གཞུང་དུ་བཅུག །དེའི་གོང་ན་རི་ལ་མཁར་ཁྱིམ་འཛིན། ཁྲི་སྲོང་ལྡེ་བཙན་འཕྲུལ་རྒྱལ་སྐུ་རིང་ལ། །བདུན་དུ་མཛངས་པ་ཆེན་པོ་གཉེར་གྱི་བུ། །སྟག་ཚབ་ལྡོང་གཟིགས་བྱ་བ་དེ་ཉིད་བྱོན། །དེའི་ཐབས་དང་ལས་ཀ་ཅི་བྱས་ན། །ཕྱོགས་བཞིའི་སྲུང་མས་སྐུའི་རིམ་གྲོ་བྱེད། །རྒོད་ཀྱི་སྟོང་སྡེས་སོ་ཁའི་དགྲ་ལ་རྒོལ། ། ནང་གི་ཁོད་སྙོམས་ཁྲིམས་ཀྱི་གསོས་སྟོང་བཅད། །དེའི་གོང་ན་བོད་ན་གསོས་སྟོང་མེད། །མཛངས་པ་མི་བདུན་བྱུང་ཚུལ་དེ་ལྟར་ལགས། ། ། །