[A:156]ཁྲི་སྐོར་བཅུ་གསུམ་གྱི་དུད་ཀྱི་གྲངས་དང་འཇའ་མོ་འཛིན་ལུགས་ཡོད། སྭ་སྟི། ལྷར་བཅས་འགྲོ་བའི་མུན་སེལ་ཕྱིར། །སངས་རྒྱས་ཤཱཀྱ་ཐུབ་འཁྲུངས་ནས། །ལོ་གྲངས་སུམ་སྟོང་ཉིས་བརྒྱ་དང་། །དགུ་བཅུ་འདས་དུས་ཧོར་ཡུལ་དུ། །བསོད་ནམས་ཆེན་པོའི་ཆུ་གཏེར་ལས། །རྒྱལ་པོ་ཇིང་གིར་གན་ཞེས་པ། །ས་འཛིན་རིན་ཆེན་འཁྲུངས་པར་འགྱུར། །མི་དབང་དེ་ནས་རྒྱལ་རབས་ལྔར། །སྟོབས་ཀྱི་འཁོར་ལོ་བསྒྱུར་མཛད་པ། །སེ་ཆེན་གན་ཞེས་གྲགས་པ་དེས། །འཇམ་དབྱངས་རྣམ་འཕྲུལ་ས་སྐྱ་པ། །ཆོས་རྒྱལ་འཕགས་པ་སྤྱན་དྲངས་ནས། །བཅུ་ཕྲག་ལོ་ནི་སོང་བའི་དུས། །ས་ཕོ་འབྲུག་ལོ་ཤར་བ་དང་། །གོང་ནས་མངགས་པའི་གསེར་ཡིག་པ། །ཨ་ཀོན་མིང་གླིང་གཉིས་ཡོང་ནས། །མི་སྡེ་ས་ཆ་དང་བཅས་པ། །ཆེན་པོ་ཧོར་གྱིས་མིང་བཏགས་པའི། །རྩ་བའི་དུད་དྲངས་རྩིས་པ་ན། །སྟོད་ཀྱི་མངའ་རིས་སྐོར་གསུམ་དང་། །ལྷ་སྡེ་གཞུང་པ་ལ་སོགས་ཀྱི། ཁྲི་སྟོང་གསེབ་ཏུ་མི་ཐེ་བས། །བོད་འབྲོག་གང་ཡོད་ཟུར་བཞག་ནས། །དབུས་གཙང་ཁྲི་སྐོར་སོ་སོ་ཡི། །དུད་གྲངས་བཅས་པ་འདི་ལྟར་རོ། །ལ་སྟོད་ལྷོ་པའི་དུད་ཀྱི་གྲངས། །སྟོང་དང་དགུ་ཅུ་རྩ་དགུ་ཡིན། །ལ་སྟོད་བྱང་པ་ཉིས་སྟོང་དང་། །ཉི་བརྒྱ་ལྔ་ཅུ་ཐམ་པར་བར་བརྩི། །ཆུ་མིག་ཁྲི་སྐོར་ཧོར་དུད་གྲངས། །སུམ་སྟོང་ཉེར་གསུམ་ཡོད་པའི་བར། །ཞ་ལུ་ཁྲི་སྐོར་སུམ་སྟོང་དང་། །བརྒྱད་བརྒྱ་དགུ་བཅུ་རྩ་