R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 159
[A:159]དཔལ་ལྡན་ས་སྐྱ་འཁོན་གྱི་གདུང་རབས་བཞུགས་སོ། །བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་མཁྱེན་རབ་མཐའ་ཡས་པ། །གཅིག་ཏུ་བསྡུས་ནས་སྣ་མང་གདུལ་བྱ་ལ། །སྣ་ཚོགས་སྤྲུལ་པའི་ཐབས་ཀྱིས་དོན་མཛད་པའི། །འཁོན་སྟོན་རིམ་པར་བྱོན་པའི་ཞབས་ལ་འདུད། །དྲི་མེད་གདུང་རྒྱུད་རིམ་པར་བྱོན་པ་དང་། །དེའི་མཛད་པ་ངོ་མཚར་མཐའ་ཡས་པས། །ཐུབ་བསྟན་གསལ་དང་འགྲོ་ཀུན་སྨིན་གྲོལ་ཚུལ། །རྣམ་ཐར་ངོ་མཆར་ཕྲེང་བ་བདག་གིས་སྤེལ། །བདག་ཅག་གི་སྟོན་པ་ཐུབ་པའི་རྒྱལ་ཚབ་དམ་པ། འཁོན་གྱི་གདུང་རྒྱུད་རིན་པོ་དེ་ཉིད། ཐོག་མར་འོད་གསལ་གྱི་ལྷ་ལས་བབས་པར་བཞེད་དེ། དང་པོ་ས་གཙང་གནས་མཐོ་བ། ལ་སྟོད་མངའ་རིས་ཀྱི་ས་ཆར་གནམ་ནས། ལྷ་མཆེད་གསུམ་བྱོན་པའི་ཆེ་བ་གནམ་ལྷ་སྤྱི་རིང་། བར་པ་གནམ་ལྷ་གཡུ་རིང་། ཆུང་བ་གནམ་ལྷ་དབུ་སེ་བྱ་བ་བྱོན། དེ་རྣམས་ལ་མིའི་རྗེ་ཞུས་པས། ཆུང་བ་དེ་མི་ཡུལ་དུ་བཞུགས་ནས། མིའི་རྗེ་མཛད།དེ་ལ་སྲས་བཞི་བྱུང་བ། ས་ཇི་ལི་སྤུན་བཞིར་གྲགས་སོ། །དེ་དག་གིས་ལྡོང་རུས་ཆེན་བཅོ་བརྒྱད་དང་འཐབ། དེའི་གྲོགས་ལ་གནམ་ལྷ་གཡུ་རིང་གིས་བྱོན་ནས། ལྡོང་རུས་ཆེན་བཅོ་བརྒྱད་པོ་བཏུལ་ནས། བྲན་དུ་བྱས་སྐད་དོ། །འོ་ན་གདུང་རྒྱུན་འདི་གང་ནས་འདེད་ན། གནམ་ལྷ་གཡུ་རིང་གིས་དམུའི་བུ་མོ། དམུ་བཟའ་ལྡེམ་བུ་ཁབ་ཏུ་བཞེས་པ་ལ། སྲས་བདུན་བྱུང་བ་ལ། མ་སང་སྤུན་བདུན་དུ་གྲགས་སོ། །