[A:163]ཤབ་སྟོད་ཀྱི་འཁོན་མི་རྣམས་གྱེས་པ་ཡིན་སྐད། དགེ་མཐོང་གི་སྲས་འཁོན་སྟོན་བལ་པོ། དེས་ཚ་མོ་རོང་གླང་གི་བྲག་ལ། ཡང་ཕུར་གྱི་སྒྲུབ་པ་མཛད་པས། གྲུབ་པ་བརྙེས་ཤིང་བསྟན་མ་བཅུ་གཉིས་བྲན་དུ་འཁོལ་བའི་ནུས་མཐུ་ཅན་ཅིག་བྱུང་ངོ་། །དེའི་སྲས་ཤཱཀྱ་བློ་གྲོས་ཀྱིས། བྱ་རུ་ལུང་དང་། ཤབ་སྟོད་སྨད་དུ་ཡང་ཡུན་རིང་དུ་བཞུགས་ཞིང་སྐུ་ཚེའི་སྨད་ལ་ཡབ་མེས་ཀྱི་ཡུལ། གཡའ་ལུང་མཁར་ཐབས་སུ་བྱོན། དེ་ལ་སྲས་གཉིས་ཀྱི་ཆེ་བ། འཁོན་རོག་ཤེས་རབ་ཚུལ་ཁྲིམས་ནི། ཡབ་མེས་ཀྱི་ཆོས་ལུགས་ལ་རྒྱུད་སྦྱངས་ཤིང་། རྡོ་རྗེ་ཕུར་པའི་གྲུབ་པ་བརྙེས་ནས། མཐུ་དང་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་དང་ལྡན་ཞིང་། གཞོན་ནུ་ལ་གཞུ་སྟོན་གཞོན་ནུ་བརྩོན་འགྲུས་ཀྱི་དྲུང་དུ། གོ་མི་དགེ་བསྙེན་མཛད་ཤིན་ཏུ་བཙུན་ཞིང་། ཚངས་པར་སྤྱོད་པས་མཛེས་ལ་མཁས་པ་དང་། བཟང་པོའི་གྲགས་པ་ཆེར་ཐོབ་པ་ཞིག་བྱུང་ངོ་། །འདི་གོ་མི་དགེ་བསྙེན་ཡིན་པས་སྲས་འཕེལ་བ་མེད། དེ་མན་ཆད་འཁོན་རིམ་པར་བྱོན་པ་རྣམས། ཕ་རོལ་ཏུ་ཕྱིན་པ་ལ་སོགས། ཕྱི་མཚན་ཉིད་ཀྱི་ཆོས་རྣམས་དང་། རྡོ་རྗེ་ཐེག་པ་ལ་གསང་བ་སྡེ་དྲུག སྔགས་སྔ་འགྱུར་ལྔ། ཕྲ་མོ་ཉི་ཤུ་རྩ་གཅིག་ལ་སོགས་པ། གསང་སྔགས་སྔ་འགྱུར་གྱི་ཆོས་རྣམས་ལ་ཤིན་དུ་མཁས་ཞིང་། ཡང་ཕུར་ལ་ཐུགས་དམ་གྱི་མཐིལ་མཛད་ཅིང་། གྲུབ་པ་ཅི་རིགས་པ་བརྙེས་ལ། ཆོས་སྐྱོང་དཀར་མོ་ཉི་ཟླ་ལྕམ་སྲིང་ལ་བྱེད་ཅིང་། ནུས་པ་ཐོན་པ་ཤ་སྟག་བྱོན་ནོ། །འཁོན་རོག་གི་གཅུང་པོ་ནི། འཁོན་དཀོན་མཆོག་རྒྱལ་པོ་ཞེས་བྱ་བ། དེ་ཉིད་ནི་ཤིང་ཕོ་ཁྱི་ལོ་ལ་སྐུ་འཁྲུངས། གཞོན་ནུ་ཉིད་ནས་ཡབ་དང་། གཅེན་ལ་དབང་དང་གདམས་ངག་ཞུས་སྟེ། ཡབ་མེས་ཀྱི་ཆོས་ལུགས་ལ་ཤིན་ཏུ་མཁས་པ་བྱས་ཤིང་། གསང་སྔགས་ཕྱི་འགྱུར་ལ་སྤྲོ་བ་ཡོད་