[A:173]བསྙེན་པར་རྫོགས་པར་མཛད། དེ་ནས་ཕོ་བྲང་ཏའི་ཏུར་བྱོན་ནས། སེ་ཆེན་རྒྱལ་པོ་ཡབ་ཡུམ་སྲས་བཅས་ལ། རྒྱུད་གསུམ་གྱི་དབང་མོ་ཆེ་བསྐུར། ཏི་ཤྲིའི་མཚན་གསོལ། དབུས་གཙང་གི་ཁྲི་སྐོར་བཅུ་གསུམ་དང་། དབང་ཡོན་བསམ་གྱིས་མི་ཁྱབ་པ་ཕུལ། ཧོར་ས་སྐྱ་པ་ཡོན་མཆོད་དུ་འབྲེལ། བོད་ཡུལ་གོ་པེ་ལེའི་མངའ་འོག་ཏུ་ཚུད་པའི་སྙན་གྲགས་བརྗོད་པ་དང་། འཇའ་མོ་འཛུགས་པ་ལ་མི་ཆེན་དས་སྨན་བྱ་བ་ས་སྐྱ་མན་ལ་མངགས། སེ་ཆེན་གྱིས་གསེར་ཡིག་པ་བོད་ལ་བཏང་བའི་སྔོན་མ་དེ་ཡིན། དེའི་ཕྱི་ལོ་མེ་ཕོ་འབྲུག་ལ་བླ་མ་དབུས་གཙང་དུ་ཕེབས། ལོ་དེ་ལ་དཔོན་ཆེན་ཤཱཀྱ་བཟང་པོས། ལྷ་ཁང་ཆེན་མོའི་འགྲམ་གཞི་བཏིང་། དེ་ནས་ད་ལྟ་ཤིང་ཕོ་སྟག་ལོ་སྲོག་སྨེ་བརྒྱད་དཀར་དབུས་ན་ཡོད་པ་འདི་ཡན་ལ། ལོ་བརྒྱ་དང་བརྒྱད་ཅུ་གྱ་གཅིག་སོང་འདུག ས་སྐྱའི་འགྲམ་འདིང་བ་དང་ལྷ་ཁང་གི་བར་ན་ལོ་བརྒྱ་དང་བརྒྱད་ཅུ་ཡོད་པར་འདུག དེ་རྟིང་ཡང་བླ་མ་འདི་གོང་དུ་བྱོན། རྒྱལ་པོ་ཡབ་ཡུམ་སྲས་བཅས་ལ་དབང་བསྐུར་བའི་དབང་ཡོན་བར་མ་ལ་བོད་ཆོལ་ཁ་གསུམ་པོ་ཕུལ། གསུམ་པ་ལ་རྒྱའི་ཡུར་མ་ཆེན་མོ་ཕུལ་ནས་བཅད། བསྔོ་བས་རྒྱས་བཏབ་ཟེར་བ་འདུག་ཅིང་། ཆེ་བའི་ཡོན་ཏན་མཐའ་ཡས་མངའ་བས། བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་ཚུལ་རྒྱས་པ་རྣམ་ཐར་ཆེན་མོ་ན་གསལ་ལོ། །བླ་མ་འདིས་གདན་ས་ལོ་སོ་དྲུག་མཛད། དགུང་ལོ་ཞེ་དྲུག་ལྕགས་ཕོ་འབྲུག་ལོ་སྨལ་ཟླ་བའི་ཚེས་ཉེར་གཉིས་ཀྱི་སྔ་གྲོ་ཉི་མ་མེ་བཞི་འཕྲད་པའི་ཚེ། དཀོན་མཆོག་ལ་མཆོད་པ་ཤོམས་གསུངས། སྐྱིལ་མོ་ཀྲུང་མཛད། རྡོ་རྗེ་དྲིལ་བུ་ཐུགས་ཀར་སྣོལ་ནས། རྩེ་གཅིག་ཏུ་བཞུགས་པའི་ངང་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ། དཔལ་ལྡན་ས་སྐྱའི་ལྷ་ཁང་བླ་བྲང་དུ་བདེ་བར་གཤེགས་སོ། །