R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 174
[A:174]དེའི་གཅུང་པོ་སློབ་དཔོན་ཕྱག་ན་རྡོ་རྗེ་ནི། ཡབ་དགུང་ལོ་དྲུག་ཅུ་པའི་དུས། ས་མོ་ཕག་ལ་སྐུ་འཁྲུངས་ཤིང་། དགུང་ལོ་དྲུག་པའི་དུས་བྱང་ངོས་ལ་ཆོས་རྗེ་པའི་ཕྱག་ཕྱིར་བྱོན། ས་སྐྱ་པ་རྣམས་ཀྱི་དབོན་པོ་མཆེད་གཉིས་སྐུ་ན་ཕྲ་བས་འབྱོན་མི་ཐུབ་འཇོག་པར་ཞུ་ཞུས་པས། ཆོས་རྗེའི་གསུང་ནས། སྒོ་ང་བྱའི་དྲོད་ལ་སྐྱེ་བ་ཡིན་གསུངས་ནས་ཁྲིད། བཞག་ན་ཕྱིས་མི་མཇལ་བར་མཁྱེན་པ་ཡིན་འདུགསྐུ་ན་ཕྲ་མོ་དེ་ནས་ཕས་ཀྱི་རྒོལ་བ་ཚར་གཅོད་ཅིང་། འགྲོ་བ་སྦྱོར་སྒྲོལ་ཐུབ་པའི་ངོ་མཚར་ཅན་ཅིག་བྱུང་ཞིང་། ཆོས་རྗེ་པ་དང་། གཅེན་ལ་དབང་དང་གདམས་པ་མང་དུ་ཞུས། རྒྱལ་པོ་གོ་དན་གྱི་ཧོར་ཆས་སུ་བཅུག་ཅིང་། དཔོན་མོ་བུདྡྷ་མེ་ག་དུན་གནང་། སེ་ཆེན་རྒྱལ་པོ་དང་མཇལ་ནས། པའེ་ལེན་དབང་གི་མིང་དང་། གསེར་ཐམ་ཐོང་ཇི་གཡས་གཡོན་གྱི་ཁྲིམས་ར་དང་བཅས་པ་གནང་། བོད་སྤྱིའི་སྟེང་དུ་བསྐོས། སྤྱིར་བོད་དང་སྒོས་ས་སྐྱ་པ་ལ་དབང་གི་ལུང་ལས་ཀ་གནང་བའི་སྔ་མ་འདི་ཡིན་ནོ། །དེ་ཉིད་དགུང་ལོ་ཉི་ཤུ་རྩ་དགུ་པ། མེ་མོ་ཡོས་ལོ་ཟླ་བ་བདུན་པའི་ཚེས་གཉིས་ལ་དཔེ་ཁང་གཟིམས་ཁང་དུ་བདེ་བར་གཤེགས་སོ། །མ་གཅིག་ཇོ་མོ་འགྲོ་ལ་སྲས་ལྕམ་སྲིང་གཉིས་བྱུང་བའི་གཅེན་སློབ་དཔོན་ཆེན་པོ་རིན་ཆེན་རྒྱལ་མཚན་ནི། ཡབ་དགུང་ལོ་སོ་གཅིག་པའི་དུས་ས་ཕོ་ཁྱི་ལོ་ལ་སྐུ་འཁྲུངས། རྒྱུད་ལུང་མན་ངག་ཐམས་ཅད་མཁྱེན་ནས། སེ་ཆེན་རྒྱལ་པོའི་བླ་མཆོད་མཛད། བླ་མ་འཕགས་པ་བོད་ལ་བྱོན་ཤུལ་དུ་མེ་ཏོག་ར་བར་གདན་ས་ལྟ་བུ་མཛད། ཕོ་བྲང་ཉེ་བར་དགེ་འདུན་གྱི་སྡེ་ཤིང་ཀུན་བདེ་ཆེན་བཙུགས། བསྟན་པ་དང་འགྲོ་བའི་དོན་ལ་བརྩོན་པའི་ངང་ནས། དགུང་ལོ་ཞེ་གཉིས་བཞེས་པ་མེ་མོ་ཡོས་ལོ་ཟླ་བ་གསུམ་པའི་ཚེས་བཅུ་ལ་ཤིང་ཀུན་དུ་སྐུ་གཤེགས་སོ། །དེའི་ལྕམ་མོ། སློབ་