R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 13
[A:13]ཀྲི་ཀྲི་ཡིན་སྟེ། བསྐལ་བ་གཉིས་ལྡན་ཚེ་ལོ་ཉི་ཁྲི་པ། རྒྱལ་རིགས་ཀྱི་སངས་རྒྱས་འོད་སྲུང་བྱོན། དེའི་དམ་པའི་ཆོས་ཚེ་ལོ་བརྒྱད་ཁྲི་གནས་པར་བཤད་དོ། །ཀྲིའི་ཀྲིའི་བུ་རྒྱུད་བརྒྱ་ཐམ་པ་ཡུལ་གྲུ་འཛིན་དུ་བྱུང་བ་ཐ་མ་རྣ་བ་ཅན་ནོ། །དེ་ལ་བུ་གོའུ་ཏ་མ་དང་། བྷ་ར་དྷྭ་ཛ་གཉིས་ལས། ནུ་བོས་རྒྱལ་སྲིད་བཟུང་ངོ་། །གོའུ་ཏ་མས་ནགས་ན་བསམ་གཏན་སྒོམ། དེའི་སྐབས་སུ་གཡོན་ཆེན་པདྨའི་རྩ་ལག་གིས།སྨད་འཚོང་མ་འགྲོ་བ་བཟང་མོ་བསད་པའི་ཉེས་པ་གོའུ་ཏ་མ་ལ་དཀྲིས་པས། བྷ་ར་དྷྭ་ཛས་རང་གི་ཕུ་བོ་ཡིན་པ་དང་། ཉེས་པ་མེད་པར་མ་ཤེས། གོའུ་ཏ་མ་ཁྲིམས་ལས་བསྒྲལ། དེ་འཆི་ཁར་རང་གི་མཁན་པོ་མདོག་ནག་དང་འཕྲད་ནས། བདེན་པ་བརྗོད་པས། མཁན་པོ་གསེར་མདོག་ཏུ་གྱུར། དེས་ཚུལ་བཞིན་མ་ཡིན་པ་ཆགས་པ་ཡིད་ལ་བྱས། ས་བོན་ཟགས་པ་ལས་སྒོ་ངའི་ནང་ནས་ཁྱེའུ་བྱུང་བ་མཁན་པོས། བུ་རམ་ཤིང་གི་ཚལ་དུ་ཉི་མ་ལ་བསྐྱངས་པས། མིང་ཉི་མའི་གཉེན་དང་། བུ་རམ་ཤིང་པར་བཏགས་སོ། །ཕྱིས་བྷ་ར་དྷྭ་ཛ་བུ་མེད་པར་ཤི གོའུ་ཏ་མ་བཙལ་བས་མ་རྙེད། སྔར་གྱི་ལོ་རྒྱུས་ཞུས་པས་ཐམས་ཅད་མྱ་ངན་དུ་གྱུར། ཁྱེའུ་གཉིས་པོ་བླངས་ནས་རིམ་པར་རྒྱལ་སར་བསྐོས་སོ། །འདི་ལ་བུ་རམ་ཤིང་པའི་སྟེང་ཟེར་རོ། །དེའི་བུ་རྒྱུད་བརྒྱ་ཐམ་པ་ཡུལ་གྲུ་འཛིན་དུ་བྱུང་བའི་ཐ་མ། འཕགས་སྐྱེས་པོ། དེ་ལ་བུ་རྒྱུད་གསུམ་སྐྱེས། མ་དེ་ཤི་ནས། རྒྱལ་རིགས་དབང་ཆེན་ཉི་འོག་རྒྱལ་པོ་ཞེས་བྱ་བའི་བུ་མོ་ཁབ་ཏུ་བླངས། དེ་ལ་བུ་བྱུང་ན་རྒྱལ་སར་འདོན་པའི་ཆད་བྱས་པས། བུ་བྱུང་བ་རྒྱལ་སྲིད་དགར་མིང་བཏགས་རྒྱལ་པོར་བསྐོས། ཕུ་བོ་གསུམ་པོ་རང་རང་གི་སྲིང་མོ་དང་བཅས་ཏེ་སྤྱུགས་པས་ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ་དུ། རི་དྭགས་གསོད་ཅིང་ལང་ཚོ་རྒྱས་པ་དང་། དྲང་སྲོང་