R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 14
[A:14]གིས་གནང་བ་བྱིན་ནས། མས་དབེན་པའི་མིང་སྲིང་འགྲོགས་པས་རྒྱུད་མང་དུ་འཕེལ་སྟེ། སེར་སྐྱ་དང་ལྷས་ལྡན་དུ་གྲོང་ཁྱེར་ཆེན་པོ་མང་དུ་བྱུང་སྟེ། ཡབ་ཀྱིས་དེའི་རྒྱུ་མཚན་ཚོར་ནས། དེ་བཞིན་ཕོད་པ་ཕོད་པ་བྱས་པས། ཤཱཀྱ་ཤཱཀྱ་ཞེས་གྲགས་སོ། །འདི་ལ་ཤཱཀྱའི་རིགས་ཀྱི་ཡ་མཚན་ཟེར་ཏེ། རིགས་ཕལ་པ་མ་འདྲེས་པའི་ཕྱིར་རོ། །ཕྱིས་རྒྱལ་སྲིད་དགར་ལ་བུ་མེད་པར་ཤི ཕུ་བོ་རྣམས་རིམ་པར་རྒྱལ་སར་བསྐོས་པས། ཆེ་རྒྱུད་ལ་ཤཱཀྱ་ཆེན་པོ། འབྲིང་རྒྱུད་ལ་ཤཱཀྱ་རི་བྲག་པ། ཆུང་རྒྱུད་ཤཱཀྱ་ལི་ཙ་བྱིའི་རྒྱུད་ཞེས་པ་གྲགས་ཤིང་། རྒྱལ་པོ་དཀའ་ཐུབ་ཅན་གྱི་རྒྱུད་ལྔ་ཁྲི་ལྔ་སྟོང་། སེར་སྐྱར་བྱུང་བའི་ཐ་མ་ཤིང་རྟ་བཅུ་པའོ། །དེ་རྣམས་ཀྱི་རྒྱུད་པ་བཅུ་གཅིག་གིས་ཐ་མ་གཞུ་བརྟན་ལ་སྲས་སེང་གེ་འགྲམ་དང་། སེང་གེ་སྒྲའོ། །ཕུ་བོའི་སྲས་ཟས་གཙང་། ཟས་དཀར། བྲེའོ་ཟས། ཚད་མེད་ཟས་སོ། །ཟས་གཙང་གི་སྲས་རྒྱལ་པོ་དོན་གྲུབ་དང་། གཅུང་དགའ་བོ། ཟས་དཀར་ལ། རྒྱལ་བ་དང་བཟང་ལྡན། བྲེའོ་ཟས་ལ། མིང་ཆེན་དང་མ་འགག་པ། ཚད་མེད་ཟས་ལ། ཀུན་དགའ་བོ་དང་། ལྷས་སྦྱིན་ནོ། །རྒྱལ་པོ་དོན་གྲུབ་ཀྱི་སྲས་སྒྲ་གཅན་འཛིན་བཟང་པོ་ཡིན་ཏེ། འདི་ཡན་གྱི་ཤཱཀྱ་ཆེན་པོའི་རྒྱུད་བར་མ་ཆད་ཟེར་དེ། རྒྱལ་པོ་ཟས་གཙང་ཡན། སངས་རྒྱས་འོད་སྲུང་གི་བསྟན་པའི་རིང་ལ། རྒྱལ་རབས་ལྔ་ཁྲི་ལྔ་སྟོང་ཉིས་བརྒྱ་ཉི་ཤུ་རྩ་གཅིག་བྱུང་ངོ་། །དེའི་རྟིང་དུ་རྒྱལ་བུ་དོན་གྲུབ་དང་། སྲས་སྒྲ་ཅན་འཛིན་བཟང་པོ་ཡན་ནས། མང་པོས་བཀུར་བའི་རྒྱལ་པོ་མན་ཀུན་དྲིལ་བས་རྒྱལ་རབས་དགུ་འབུམ་སུམ་ཁྲི་ཉིས་སྟོང་བདུན་བརྒྱ་བཅུ་གསུམ་བྱུང་ངོ་། །རྒྱ་གར་ཆོས་རྒྱལ་རྒྱལ་རབས་འདི་བྲིས་པས། །དགེ་བའི་ཆོས་ལུགས་ལུགས་བཞིན་དར་བ་དང་། །བཤེས་གཉེན་ཆོས་མཛད་མཛད་འཕྲིན་རབ་རྒྱས་ཞིང་། །ཞིང་འདིར་ཐུབ་བསྟན་བསྟན་པ་གནས་པར་ཤོག །དགེ་ལེགས་འཕེལ་བར་གྱུར་ཅིག། ། །