[A:178]ཡར་འབྲོག་དཔོན་ཆེན་གྱིས་ཇོ་མོར་ཕུལ་བའི་མ་ཅིག་མང་མཁར་མ་ཀུན་དགའ་འབུམ་ལ། བླ་མ་དམ་པ་ཀུན་དགའ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་པ་ནི། ཡབ་དགུང་ལོ་སོ་བརྒྱད་པ་ས་མོ་ཕག་ལོར་འཁྲུངས་ཏེ། རྣམ་ཐར་ནི་བླ་མ་འཕགས་པ་དང་ཚུལ་མཚུངས་ཤིང་། གོང་དུ་བྱོན་པས་སིདྡྷི་ཕ་ལ་ཨིང་ཁྱུང་གེ་གན་རྒྱལ་པོའི་ཏི་ཤྲི་མཛད། བསྟན་པའི་མངའ་བདག་ཆེན་པོར་གྱུར་ཏེ། དགུང་ལོ་རྩ་དགུ་པ་མེ་མོ་ཡོས་ལོ་ཟླ་བ་གཉིས་པར། མེ་ཏོག་ར་བའི་སྡེ་ཆེན་པོར་ཞི་བར་གཤེགས་སོ། །ཡང་མ་ཅིག་ནམ་མཁའ་རྒྱལ་མོ་ལ་སྲས་ཆེ་བ་མཁས་བཙུན་ཆེན་པོ་ནམ་མཁའ་ལེགས་པའི་བློ་གྲོས་དཔལ་བཟང་པོ་པ་ནི། ཡབ་དགུང་ལོ་ཞེ་བཞི་པ་ཤིང་མོ་སྦྲུལ་ལོ་ལ་འཁྲུངས་ཏེ། མཁྱེན་རབ་ཕུན་སུམ་ཚོགས་པ་མངའ་ཞིང་། ཁྱད་པར་ཆོས་སྐྱོང་ཆེ་ཆུང་ལ་ནུས་པ་ཐོན་པར་གྲགས་སོ། །གོང་ནས་ཀུ་ཤ་ལ་གོ་ལུག་རྒྱལ་པོས། ཀོན་ཏིང་གུ་ཤྲི་མཚན་དང་ཤེལ་དམ་གནང་། གདན་ས་ལོ་བཅུ་དགུ་མཛད། དགུང་ལོ་སོ་དགུ་པ་ཆུ་མོ་ལུག་ལོ་ཟླ་བ་དགུ་པའི་ཚེས་བརྒྱད་ལ་བཞི་ཐོག་གཟིམ་ཁང་དུ་ཞི་བར་གཤེགས་སོ། །སྲས་བར་པ་གཅིག་གཞོན་ནུ་ལ་སྐུ་གཤེགས་སོ། །ཆུང་བ་སློབ་དཔོན་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ་པ། ཡབ་སྐུ་གཤེགས་པའི་ལོ་ཤིང་ཕོ་བྱི་བ་ལ་སྐུ་འཁྲུངས་ཏེ། སྐུ་གཞོན་ནུ་ལ་གོ་ཐུབ་རྒྱལ་པོའི་བླ་མཆོད་མཛད། དགུང་ལོ་ཉི་ཤུ་པ་ལ་ཕོ་བྲང་དང་ཉེ་བར་བདེ་བར་གཤེགས་སོ། །ཡང་མ་ཅིག་ཀུན་དགའ་ནམ་མཁའི་རྒྱན་ལ་སྲས་ཆེ་བ་སློབ་དཔོན་ཆེན་པོ། ཀུན་དགའ་ལེགས་པའི་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོ་ནི། ཡབ་མེས་ཀྱི་ཆོས་ལུགས་ཐུགས་སུ་ཆུད་ནས་གོང་དུ་བྱོན། ཇ་ཡན་དུ་རྒྱལ་པོའི་ཏི་ཤྲི་མཛད། བསྟན་པའི་མངའ་བདག་ཆེན་པོར་གྱུར་ཏེ། མེ་ཏོག་ར་བའི་སྡེར་ཞི་