[A:179]བར་གཤེགས་སོ། །སྲས་བར་པ་བླ་མ་དམ་པ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་པ། ཡབ་དགུང་ལོ་ཞེ་དགུ་པ་ལྕགས་ཕོ་བྱི་ལོ་ལ་འཁྲུངས། ཉེར་གཉིས་པ་ལ་གོང་དུ་བྱོན། ཡེ་སུན་ཐེ་མུར་རྒྱལ་པོའི་དུས་སུ། ཆང་གུའི་གུང་མཛད། ཇ་ཡན་དུ་རྒྱལ་པོའི་སྐུ་ཚེའི་སྨད་དང་། རིན་ཆེན་རྒྱལ་པོ་ཐོ་གན་ཐི་མུར་རྒྱལ་པོའི་སྐུ་ཚེའི་སྟོད་ལ། རྒྱལ་པོ་རིམ་པ་གསུམ་གྱི་ཏི་ཤྲི་དང་། བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་དེ། དགུང་ལོ་ལྔ་བཅུ་པ་ཕག་ལོ་ལ་མེ་ཏོག་ར་བའི་སྡེ་ཆེན་པོར་ཞི་བར་གཤེགས་སོ། །གཅུང་ཆུང་བ་གཅིག་གཞོན་ནུ་ལ་སྐུ་གཤེགས་སོ། །ཡང་མ་ཅིག་རེ་མདའ་མ་ལྷ་ཅིག་ཉི་མ་རིན་ཆེན་ལ། སྲས་སྔ་མ་གཅིག་གཞོན་ནུ་ལ་སྐུ་གཤེགས་སོ། །དེ་འོག་སློབ་དཔོན་མ་ཀུན་དགའ་འབུམ། ཆུང་བ་དབང་ཀུན་དགའ་ལེགས་པའི་རྒྱལ་མཚན་དཔལ་བཟང་པོ། ཡབ་དགུང་ལོ་ཞེ་བདུན་པ་ས་ཕོ་སྤྲེ་ལོ་ལ་འཁྲུངས་ཏེ། གོང་མ་ཐོ་གན་ཐི་མུར་རྒྱལ་པོས། པའེ་ལེན་དབང་གི་མཚན་དང་། གསེར་དམ་བོད་ཆོལ་ཁ་གསུམ་ལ་ཤེས་སུ་བཅུག་པའི་ལུང་བཟང་པོ་དང་། སྔར་དབང་བསོད་ནམས་བཟང་པོའི་ཇོ་མོ་ཡིན་པའི་དབོན་མོའ་བྷ་གན་དང་བཅས་པ་གནང་། དགུང་ལོ་ཉེར་དགུ་པ་མེ་ཕོ་བྱི་བའི་ལོ་ལ་སྲད་བུའི་ས་ཆར་སྐུ་གཤེགས་སོ། །ཡང་མ་ཅིག་ཞ་ལུ་མ་གཞོན་ནུ་འབུམ་ལ་སྲས་བཞིའི་ཆེ་བ། ཏ་དབེན་ཀུན་དགའ་ཉི་མ་རྒྱལ་མཚན་དཔལ་བཟང་པོ་པ། གཞོན་ནུ་ནས་མཁྱེན་རབ་ཚད་མེད་པ་མངའ་བས། གོང་དུ་སིདྡྷི་ཕ་ལ་ཨི་ཁྱུང་གེ་གན་རྒྱལ་པོའི་བླ་མཆོད་མཛད། ཏ་དབེན་གུ་ཤྲི་མཚན་དང་། ཤེལ་དམ་གནང་། འགྲོ་དོན་རྒྱ་ཆེ་བར་མཛད། ཆུ་ཕོ་ཁྱི་ལོ་ལ་ཕོ་བྲང་ཏའི་ཏུར། བདེ་བར་གཤེགས་སོ། །དེའི་གཅུང་ཆེ་བ་འཇམ་དབྱངས་དོན་ཡོད་རྒྱལ་མཚན་དཔལ་བཟང་པོ་པ། ཡབ་དགུང་