R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 180
[A:180]ལོ་ཞེ་དགུ་པའི་དུས་ལྕགས་ཕོ་ཁྱི་ལོ་ལ་སྐུ་འཁྲུངས། འདི་ནི་འཇམ་དབྱངས་དངོས་ཡིན་པར་ཀུན་ལ་གྲགས་པས། རྒྱས་པར་རྣམ་ཐར་ཆེན་མོར་བལྟའོ། །དགུང་ལོ་སོ་ལྔ་པ་ཤིང་ཕོ་སྤྲེའུའི་ལོ་ཟླ་བ་དང་པོའི་ཚེས་བཅུ་གཅིག་ལ་རིན་ཆེན་སྒང་གོང་མའི་གཟིམས་ཁང་དུ་ཞི་བར་གཤེགས་སོ། །གཅུང་བར་པ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་པ། ཡབ་དགུང་ལོ་ང་གཅིག་པ་ཆུ་ཕོ་བྱི་བའི་ལོ་ལ་འཁྲུངས་ཏེ། འདི་ནི་རྡོ་རྗེ་འཆང་དངོས་ཡིན་པར་ཐེ་ཚོམ་མི་ཟའོ། །གུ་ཤྲི་མཚན་ཐོགས་ཤིང་། ཐོ་གན་ཐི་མུར་རྒྱལ་པོའི་བླ་མ་ལ་གདན་འདྲེན་རིམ་པར་བྱུང་ནའང་། ཆོས་ཁོ་ན་དོན་དུ་གཉེར་ནས་མ་བྱོན། དགུང་ལོ་དྲུག་ཅུ་རེ་བཞི་པ་ཤིང་མོ་ཡོས་ལོ་ཟླ་བ་དྲུག་པའི་ཉེར་ལྔ་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ། དཔལ་བསམ་ཡས་ལྷུན་གྱི་གྲུབ་པའི་བླ་བྲང་བཀྲ་ཤིས་སྒང་གི་གཟིམས་ཁང་དུ་བདེ་བར་གཤེགས་སོ། །གཅུང་ཆུང་ཤོས་གཅིག་གཞོན་ནུ་ལ་སྐུ་གཤེགས་སོ། །དེ་རྣམས་ཀྱི་བླ་མ་བདག་ཉིད་ཆེན་པོའི་སྲས་ལྕམ་སྲིང་བཅོ་ལྔའི་རྣམ་ཐར་ཟུར་ཙམ་བསྟན་ཟིན་ཏོ། །བླ་མ་བདག་ཉིད་ཆེན་པོའི་སྲས་འདི་ལ་རྒྱུད་པ་ཇི་ལྟར་འཁྲུངས། བླ་བྲང་གང་དང་གང་གི་ཞལ་བདག་མཛད་པ་ནི། གོང་དུ་དབང་བསོད་ནམས་བཟང་པོའི་ཇོ་མོ་བུངྷ་གན་ལ། སྲས་སློབ་དཔོན་ཆེན་པོ་རཏྣ་ཤྲི་ཤིང་ཕོ་བྱི་ལོ་ལ་འཁྲུངས་ཏེ། དགུང་ལོ་ཉེར་ལྔ་པ་ས་ཕོ་བྱི་བ་ལོ་ལ་སྐུ་གཤེགས་སོ། །ཏི་ཤྲི་ཀུན་དགའ་རྒྱལ་མཚན་པ་བསྙེན་རྫོགས་མ་མཛད་པའི་གོང་དུ་མ་ཅིག་བྱང་པ་མོ་ལ། སློབ་དཔོན་ཆེན་པོ་ཆོས་སྐྱོང་རྒྱལ་མཚན་བཟང་པོ་བ་ཆུ་ཕོ་སྤྲེལ་ལོ་ལ་འཁྲུངས་ཤིང་། ཀུན་སྤངས་པའི་ལྕམ་མོ་ལ། སློབ་དཔོན་ཆེན་པོ་བློ་གྲོས་རྒྱལ་མཚན་དཔལ་