[A:181]བཟང་པོ་པ་ཡང་། ཆུ་ཕོ་སྤྲེལ་ལོ་དེ་ཁ་ལ་སྐུ་འཁྲུངས་ཏེ། ཐོ་གན་ཐི་མུར་རྒྱལ་པོས་ཏ་དབེན་གུ་ཤྲིའི་མཚན་དང་། ཤེལ་དམ་ལུང་བཟང་པོ་དང་། བཅས་པ་གནང་། སྐུ་མཆེད་འདི་གཉིས་ཀྱིས་ལྷ་ཁང་བླ་བྲང་དུ་བཞུགས་སོ། །བླ་མ་མཁས་བཙུན་ཆེན་པོའི་མ་ཅིག་དབོན་མོ་དགེ་འདུན་འབུམ་ལ། སྲས་སློབ་དཔོན་ཆེན་པོ་ཀུན་དགའ་རིན་ཆེན་པ། ས་མོ་ཡོས་ལོ་ལ་འཁྲུངས་ཏེ། ཐོ་གན་ཐི་མུར་རྒྱལ་པོའི་ཐོ་ལིང་ཤིན་ཏུ་ཧུ་ཏ་དབེན་གུ་ཤྲིའི་མཚན་དང་། ཤེལ་དམ་གནང་། བཞི་ཐོག་བླ་བྲང་གི་གདན་ས་མཛད། དགུང་ལོ་དྲུག་ཅུ་རེ་གཅིག་པ་ས་མོ་ཡོས་ལོར་གཙང་ཆུ་མིག་རིང་མོར་བདེ་བར་གཤེགས་སོ། །ཀུན་དགའ་ལེགས་པའི་ཇོ་མོ། གུང་ཐང་ཁབ་པའི་ལྷ་གཅིག་ཀུན་སྐྱོང་རྒྱལ་མོ་ལ། སློབ་དཔོན་མ་བསོད་ནམས་འབུམ་འཁྲུངས་ཤིང་། ཏི་ཤྲི་གྲགས་པའི་འོད་ཟེར་གྱི་ལྕམ་མོ། །མ་ཅིག་དགེ་འདུན་འབུམ་ལ་སྲས་ཆེ་བ་བླ་མ་ཆེན་པོ་བསོད་ནམས་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་པ། ཡབ་དགུང་ལོ་ཉེར་ལྔ་པ་ཆུ་ཕོ་སྤྲེའུའི་ལོ་ལ་འཁྲུངས་ཏེ། དགུང་ལོ་ཉི་ཤུ་རྩ་གསུམ་བཞེས་དུས། ཁོང་རང་གི་དཔོན་སྐྱ་སློབ་དཔོན་རིན་བཟང་གིས་དོ་དམ་བྱས་རྫོང་གི་རྩ་བ་དག བློན་ཆེན་ཀུན་དགའ་བཟང་པོའི་ཚ་བོ། དཔོན་དོན་གྲུབ་རྒྱལ་མཚན་བྱ་བ་ལ་ས་ཆ་ཉོས་ནས། སྟག་ཚང་རྫོང་གི་འགྲམ་ཤིང་ཕོ་རྟ་ལོ་ཟླ་བ་གསུམ་པའི་ཚེས་ལྔ་ནས་བཏིང་། རྫོང་བླ་མ་ཆེན་པོ་སྐུ་མཆེད་པ་ལ་ཕུལ་བ་ཡིན། དགུང་ལོ་སུམ་ཅུ་པ་གླང་ལོ་ལ་ཐོ་གན་ཐི་མུར་རྒྱལ་པོས་གསེར་ཡིག་པ་དྷརྨ་ཀིརྟི་དབེན་ཤྲི་དང་། ཨི་བུ་དབེན་ཤྲི་སྔོན་རྟིང་དུ་མངགས། ཏི་ཤྲི་མཚན་བོད་ནས་གསེལ། གཅུང་པོ་ལ་དབང་གི་ལས་ཀ་གནང་། གོང་དུ་གདན་དྲངས། རྒྱལ་པོའི་བླ་མ་མ་མཛད། དགུང་ལོ་སོ་གཅིག་པ་ཆུ་ཕོ་སྟག་ལོ་ཟླ་བ་བཅུ་པ་ལ་མེ་ཏོག་ར་