[A:182]བར་བདེ་བར་གཤེགས་སོ། །བར་པ་གཅིག་གཞོན་ནུ་ལ་སྐུ་གཤེགས། གཅུང་ཆུང་བ་སློབ་དཔོན་ཆེན་པོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་པ། མེ་ཕོ་བྱི་ལོ་ལ་ཡབ་གཤེགས་ནས། ཟླ་བ་དྲུག་སོང་པ་དང་འཁྲུངས། ཐོ་གན་ཐི་མུར་རྒྱལ་པོས། པའེ་ལན་དབང་གི་མཚན་དང་། ཁྲིམས་ར་ཉི་མ་ནུབ་ཕྱོགས་ལ་ཤེས་སུ་ཆུགས་གསུངས་པའི་ལུང་བཟང་པོ་དང་བཅས་པ་གནང་། དགུང་ལོ་ཞེ་གཅིག་པ་མེ་ཕོ་འབྲུག་ལོའི་ཟླ་བ་དང་པོའི་ཉེར་གཉིས་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྟག་ཚང་རྫོང་གི་གཟིམས་ཁང་རྙིང་པར་ཞི་བར་གཤེགས་སོ། །འདི་པ་སྐུ་མཆེད་ཀྱིས་དུས་མཆོད་བླ་བྲང་འཛིན་སྐྱོང་མཛད་དོ། །འཇམ་དབྱངས་དོན་ཡོད་རྒྱལ་མཚན་པས་བསྙེན་རྫོགས་མ་མཛད་གོང་དུ། མ་གཅིག་ཞ་ལུ་མ་ལ་སྲས་བླ་ཆེན་ཀུན་དགའ་རྒྱལ་མཚན་དཔལ་འཁྲུངས་ཞིང་། འདི་པའང་ཡབ་སྲས་ཁུ་དབོན་པས་རིན་ཆེན་སྒང་བླ་བྲང་འཛིན་སྐྱོང་མཛད་དེ། ཕྱིས་ཆོས་རྗེ་བླ་མ་དམ་པས་བླ་བྲང་དུས་མཆོད་པ་ལ་སྦྱར་རོ། །ཡང་བླ་མ་སྐུ་མཆེད་དེ་རྣམས་ཀྱི་སྲས་རྒྱུད་ཇི་ལྟར་འཁྲུངས་ན། ལྷ་ཁང་པ་ཆོས་ཀྱི་རྒྱལ་མཚན་པ་བསྙེན་རྫོགས་མ་མཛད་གོང་དུ། ཏ་དབེན་བྱང་པའི་ཇོ་མོའི་སྲས་ཆེ་བ། ཆོས་རྗེ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་པ། ས་མོ་གླང་ལོ་ལ་འཁྲུངས་ཏེ། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཕུན་སུམ་ཚོགས་པ་མངའ་ཞིང་། དགུང་ལོ་ང་བཞི་པ་ཆུ་ཕོ་འབྲུག་ལོ་ལ་རྒྱ་ནག་ཡེ་དབང་རྒྱལ་པོས་མངགས་པའི་གསེར་ཡིག་སེར་ཡིག་པ། ཏའི་ཏ་བཞིན་དང་། ཨ་ནུ་དྲི་ཧོར་པ་རྣམས་ཀྱིས་གདན་དྲངས་ནས། རྣམ་ཐོས་ཕོ་བྲང་དང་། རྒྱ་ནག་གི་རི་བོ་རྩེ་ལྔར་བྱོན། རྒྱལ་པོའི་ཏི་ཤྲི་མཛད། ཤེལ་གྱི་དམ་ཁ་དང་། ལུང་བཟང་པོ་གནང་། ཅི་གྱོ་ཏའི་ཆིང་ཧ་ཝ་པ་སི་ཐན། ཤང་ཤེན།