[A:183]ཀི་ཀང་ཏི། ཀོང་ཤ ཀོང་མིའིང་། བ་ཝོ། བོད་སྐད་དུ་འཕྲིན་ལས་སྣ་ཚོགས་རྒྱས་པ། དམ་ཆོས་མཆོག་ཏུ་རྒྱས་པ། ཡང་དག་པའི་ཡེ་ཤེས། སྙིང་རྗེ་རྒྱ་ཆེན་ཀུན་ལ་རྒྱས་པར་ཕན་པ། ཞིང་བསྲུངས་ཤིང་བསྟན་པ་བཤད་པ། ཡང་དག་པར་རིག་པ་ཐེག་ཆེན་ཆོས་ཀྱི་རྒྱལ་པོ། ནུབ་ཀྱི་ཕྱོགས་དགེ་བ། རྡོ་རྗེ་ཀུན་ཁྱབ་འོད་ཟེར་ཆེན་པོའི་སངས་རྒྱས་ཞེས་པའི་མཚན་ཡང་དེ་རྣམས་གསལ་ལོ། །ལྷ་ཁང་ཆེན་མོ་ལག་ཏུ་ལེན་པ་ལ་སོགས། གདན་སའི་ཕྱག་ཕྱིར་འགྱུར་བའི་ཐུགས་ཁུར་ཆེན་པོ་བསྣམས། ས་སྐྱ་པའི་བསྟན་པའི་མེ་རོ་བསླངས་པ་ལྟ་བུར་གྱུར་པས་ན་སྐུ་དྲིན་ཤིན་དུ་ཆེ་ཞིང་། རྒྱ་ནག་ཏུ་ལོ་ངོ་གསུམ་བཞུགས། ཤིང་ཕོ་རྟ་ལོ་ལ་བོད་དུ་ཕེབས་ནས། བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་དེ། དགུང་ལོ་དོན་བདུན་པ་ཤིང་མོ་སྦྲུལ་ལོ་ཟླ་བ་བདུན་པའི་ཚེས་བཅུ་ལ་ལྷ་ཁང་ཆེན་མོའི་ཡང་རྩེར་བདེ་བར་གཤེགས་སོ། །དེའི་གཅུང་པོ་བླ་མ་ཆེན་པོ་བསོད་ནམས་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ། སྦས་པའི་རྣལ་འབྱོར་དེ་ཉིད་ཀྱིས་ཀྱང་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་ཡུན་རིང་དུ་མཛད་དེ། ས་ཕོ་བྱི་བ་ལོ་ལ་དཔལ་ལྡན་ལྷ་རྩེ་རྫོང་གི་གཟིམས་ཁང་དུ་བདེ་བར་གཤེགས་སོ། །ལྕམ་མོ་གཅིག་ཀྱང་འཁྲུངས་སོ། །ཡང་དཔོན་ཆེན་དབང་ཕྱུག་དཔལ་གྱི་ཇོ་མོ་དཔལ་མོ་སྐྱིད་དཔལ་ལ། དྲུང་ཆོས་རྒྱལ་བའི་སྲས། བླ་མ་རྡོ་རྗེ་རིན་ཆེན་པ་དང་། བླ་མ་དྷརྨ་དཔའོ། །བཞི་ཐོག་ཀུན་རིན་པའི་ཇོ་མོ་གཉིས་ཐོག་དབོན་མོ་ལ་སྲས་གཅིག་འཁྲུངས་པ། གཞོན་ནུ་ལ་སྐུ་གཤེགས། མཉམ་མེད་དབོན་མོ་ལ། སྲས་ཆེ་བ་བློ་གྲོས་རྒྱལ་མཚན་དཔལ་ལ༑ རྒྱ་ཏཱ་མིང་རྒྱལ་པོས་ཏའི་གུ་ཤྲི་གནང་། གདན་ས་མཛད། གཅུང་གྲགས་པ་བློ་གྲོས་པ་གཙང་ཆུ་མིག་རིང་མོ་ན་བཞུགས་སོ། །ཡང་དབང་གྲགས་པ་རྒྱལ་