R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 184
[A:184]མཚན་པའི་ཇོ་མོ་བྱང་པ་མ་གཅིག་ལྷ་མོ་རིན་ཆེན་ལ། སྲས་ཆེ་བ་ཏ་དབེན་ཀུན་ལེགས་པ། ཡབ་དགུང་ལོ་ཉེར་གཉིས་པ་མེ་མོ་བྱ་ལོ་ལ་སྐུ་འཁྲུངས། ཐོ་གན་ཐི་མུར་རྒྱལ་པོས། ཏ་དབེན་གུ་ཤྲིའི་མཚན་དང་། ལུང་བཟང་པོ་གནང་། དགུང་ལོ་ཉེར་བརྒྱད་པ་ཤིང་ཕོ་བྱི་བ་ལོ་ལ་རྟ་ནག་རི་ཁུད་དུ་བདེ་བར་གཤེགས་སོ། །དེའི་གཅུང་པོ་དབང་རྣམ་སྲས་རྒྱལ་མཚན་དཔལ་བཟང་པོ་པ། ཡབ་དགུང་ལོ་ཉེར་ལྔ་པ ལྕགས་ཕོ་བྱི་བའི་ལོ་ཟླ་བ་དང་པོ་ལ་སྐུ་འཁྲུངས་ཏེ། ཐོ་གན་ཐི་མུར་རྒྱལ་པོས། ཁོང་རང་གི་སྲས་ཆེ་བ་དང་མཉམ་པའི་ལས་ཀ་རི་རྩིང་དབང་གི་མཚན། གསེར་དམ་དབང་ཧུ་ཧུ་ཡེ་བྱང་ཥེ་ཟི་མ། རྣམས་གཡས་གཡོན་གྱི་ཁྲིམས་ར་བརྒྱད། ཁྲིམས་གྱི་ཐའི་ས། ཕ་མིང་གཅིག་པའི་ཧུ་ཤྲི་ཉི་མ་ནུབ་ཕྱོགས་ལ་ཤེས་སུ་བཅུག་པའི་ལུང་བཟང་པོ་དང་བཅས་པ་གནང་ནས། ཁྲིམས་ར་གཉིས་ཀྱི་མཛད་འཕྲིན་རྒྱས་པར་མཛད། དགུང་ལོ་ཞེ་དགུ་པ་ས་ཕོ་བྱི་བ་ལོ་ཧོར་ཟླ་བཞི་པའི་ཉེར་བཞི་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ། སྨོན་མཁར་རྩེ་གདོང་གཟིམས་ཁང་དུ་བདེ་བར་གཤེགས་སོ། །ཡང་རྩེ་གདོང་པ་མ་གཅིག་སྲས་འདྲེན་ལ་དབང་གི་སྲས་མོ། སློབ་དཔོན་ཆེན་པོ་ཆོས་ཀྱི་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་པ། ས་མོ་ཕག་ལོ་ལ་འཁྲུངས་ཏེ། གཞོན་ནུ་ནས་ཡབ་མེས་ཀྱི་ཆོས་ལུགས་ཕྱི་ནང་གི་ཡོན་ཏན་མཐའ་དག་ཐུགས་སུ་ཆུད་ཏེ། བྱང་སེམས་ཆེན་པོར་གྲགས་པ་དེ་ཉིད་དགུང་ལོ་བདུན་ཅུ་པ། ས་ཕོ་སྤྲེའུའི་ལོ་ཧོར་ཟླ་གསུམ་པའི་ཚེས་བརྒྱད་ལ།གཡས་རུ་སྲིན་པོ་རིའི་གཟིམས་ཁང་རྣམ་རྒྱལ་སྒང་དུ་བདེ་བར་གཤེགས་སོ། །འདི་དང་ཡབ་ཡུམ་གཅིག་པའི་ལྕམ་མོ། །སློབ་དཔོན་མ་བཀྲ་ཤིས་འབུམ་བྱུང་། ཡང་ཐོང་ཇའི་དབོན་མོ་ལ་དབང་གི་སྲས་མོ། སློབ་དཔོན་མ་བྱང་སེམས་བསོད་