[A:185]ནམས་རྒྱལ་མོ་བ་བྱུང་། ཡང་བླ་ཆེན་ཀུན་རྒྱལ་གྱི་ཇོ་མོ་སྙེ་མོ་སྐུ་ཞང་པའི་སྲས་མོ།མ་ཅིག་ནམ་མཁའ་རྒྱལ་མོ་ལ་སྲས། སློབ་དཔོན་ཆེན་པོ་ནམ་མཁའ་རྒྱལ་མཚན་པ་སྐུ་མཆེད་གཉིས་བྱུང་། ཤབ་དགེ་སྡིང་ན་བཞུགས། ལྕམ་མོ་གཅིག་ཀྱང་ཡོད་དོ། །དེ་རྟིང་ལྷ་རྩེ་བ་བདག་ཆེན་བསོད་ནམས་བཀྲ་ཤིས་པའི་སྲས། ཉི་ཤར་དཔོན་མོ་རྣམ་རྒྱལ་ལ་འཁྲུངས་པ། སློབ་དཔོན་ཆེན་པོ་བཀྲ་ཤིས་རྒྱལ་མཚན་པ་ཐེག་ཆེན་ཆོས་རྗེའི་གདན་ས་མཛད་པ་དེ། ལྷ་ཁང་ཆེན་མོ་ན་བཞུགས་སོ། །ཡང་བཞི་ཐེག་སློབ་དཔོན་རྒྱལ་མཚན་པའི་སྲས་གཅིག་ཡང་གདན་སར་བསྐོ་རྒྱུ་ཡོད་དོ། །ཡང་ཏའི་དབེན་ཀུན་དགའ་ལེགས་པ་ཧུ་ཤྲི་དབོན་མོ་ལ་སྲས་སློབ་དཔོན་མ་ཀུན་དགའ་འབུམ་འཁྲུངས་སོ། །དབང་རྣམ་སྲས་པ་ལ་སྲས་པོ་གཉིས་དང་། སྲས་མོ་ལྔ་ཡོད་པའི། མ་གཅིག་ཉི་མ་འབུམ་ལ་སློབ་དཔོན་ཆེན་པོ་ཀུན་དགའ་བློ་གྲོས་པ་འཁྲུངས་ཏེ། ཆུ་ཕོ་བྱི་བ་ལོ་ལ་བླ་བྲང་རིན་ཆེན་སྒང་དུ་བདེ་བར་གཤེགས་སོ། །ཡར་འབྲོག་པ་མ་གཅིག་བསོད་ནམས་འབུམ་ལ། སྲས་པོ་སློབ་དཔོན་ཆེན་པོ་ནམ་མཁའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་པ། ཡབ་དགུང་ལོ་བཞི་བཅུ་པ། ས་མོ་ཡོས་ལོ་ཟླ་བ་བཅུ་པའི་ཚེས་བཅོ་ལྔ་ལ་འཁྲུངས་ཏེ། དགུང་ལོ་བཅུ་དྲུག་པ་ཤིང་ཕོ་རྟ་ལོ་ལ་ཐེག་ཆེན་ཆོས་རྗེའི་སྐུ་དྲིན་ལས། རྒྱ་ནག་ཡེ་དབང་རྒྱལ་པོས། ཧུ་ཀྱང་ཧོ་དབང་གི་མཚན་དང་། གསེར་དམ་བོད་ལ་ཤེས་སུ་བཅུག་པའི་ལུང་བཟང་པོ་དང་བཅས་པ་གནང་ནས་ཁྲིམས་མཛད། འཕྲིན་ལས་རྒྱས་པར་བཞུགས་སོ། །དེའི་ལྕམ་མོ་ཆེ་བ་སློབ་དཔོན་མ་ནམ་མཁའ་འབུམ་དང་། འཛོམ་པ་རྒྱལ་མོ། །ཀུན་དགའ་འབུམ། ལྷ་མོ་རིན་ཆེན། ནམ་མཁའ་རྒྱལ་མོ་དང་། ལྔ་འཁྲུངས་སོ། །མདོར་ན་དང་པོ་གནམ་ལྷ་མཆེད་གསུམ་ནས་ད་ལྟ་ཡན།