R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 188
[A:188]མཛད། དབུས་གཙང་དུ་ཕེབས་ནས་གདན་ས་ལོ་དགུ་མཛད། དགུང་ལོ་རེ་བརྒྱད་བཞུགས། གཅུང་འཇམ་དབྱངས་རིན་ཆེན་རྒྱལ་མཚན་ས་ཕོ་རྟ་ལ་འཁྲུངས། མེ་མོ་ཕག་ལོ་ནས་སེ་ཆེན་གྱི་ལུང་གིས་ས་སྐྱ་བཞི་ཐོག་གི་བླ་ཆོས་ལོ་བཅོ་བརྒྱད་བཤད། ཉི་མ་རེ་ལ་ཆོས་དུང་ལན་ལྔ་ལྔ་འབུད་པ་བྱུང་། ཕྱིས་གོང་དུ་ཨོ་ཇ་དུ་རྒྱལ་པོའི་ཏི་ཤྲི་མཛད། དགུང་ལོ་ཞེ་དགུ་ལ་གོང་དུ་སྐུ་གཤེགས། ལུང་དང་རྟོགས་པའི་ཡོན་ཏན་ཕུན་ཚོགས་མངའ། དཔལ་ལྡན་ས་སྐྱ་པའི་མངའ་ཐང་བླ་མ་དེ་དུས་ཆེ་བ་ལགས། བླ་མ་ཤར་པ་ཀུན་སེང་དང་། མ་ཅིག་མཁའ་འགྲོ་འབུམ་གྱི་སྲས་ཆེ་བ་སློབ་དཔོན་ཆེན་པོ་སེང་གེ་དཔལ་དགུང་ལོ་སུམ་ཅུ་པ་ལ་རྒྱ་ཡུལ་དུ་གཤེགས་སོ། །བར་པ་ཀུན་དགའ་བསོད་ནམས་པས་གདན་ས་ལོ་སོ་བཞི་བཟུང་། རེ་གཉིས་པ་མེ་ཕོ་ཁྱི་ལོ་ལ་སྐུ་གཤེགས། གཅུང་པོ་སློབ་དཔོན་ཆེན་པོ་ཀུན་དགའ་རིན་ཆེན་དང་། མ་གཅིག་ནམ་མཁའ་རྒྱན་གྱི་སྲས་ཆེ་བ། སློབ་དཔོན་རིན་ཆེན་རྒྱལ་མཚན་པས་གདན་ས་མཛད། རྟ་ལོའི་ལོ་ལྔ་བཅུ་བཞེས། བར་པ་སློབ་དཔོན་ཀུན་དགའ་རྒྱལ་མཚན། གཅུང་པོ་སློབ་དཔོན་ཉི་མ་གཞོན་ནུ་ལ་སྐུ་གཤེགས། ནུབ་པའི་ཐོག་མ་སློབ་དཔོན་འུ་ཡུག་པ་བསོད་ནམས་སེང་གེ ཆོས་རྗེ་པ་ལ་ཐུག དེ་ལ་སློབ་དཔོན་ཟངས་ཚས་ཉི་ཐོག་ཕོག དེའི་གཅུང་པོ་གཅིག་གི་སྲས་བླ་མ་ཀུན་སྨོན་ཡང་ཆོས་རྗེ་པ་ལ་ཐུག དེའི་གཅུང་པོ་ཀུན་དགའ་མཛེས་སྐུ་མཆེད་གཉིས། ཕྱིས་དཔོན་ཆེན་ཀུན་དགའ་བཟང་པོའི་ཕྱོགས་སུ་ཆད་ནས་བླ་མ་འཕགས་པའི་ཐུགས་དང་མ་མཐུན་པར། སེ་ཆེན་གྱི་ལུང་གིས་སྤྱུགས་ནས། གཅེན་པོ་སྨན་ཚེའི་ཡུལ་དུ་འདས། དེའི་དབོན་པོ་ཡོན་ཏན་དཔལ་གྱི། དབོན་པོ་སངས་རྒྱས་དཔལ་གྱིས་གདན་ས་མཛད་དོ། །