R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 189
[A:189]གུང་པ་ནི་ཆོས་རྗེ་པའི་སློབ་མ། སྐྱོ་སྟོན་དྲི་མེད། དེ་ནས་དབོན་རྒྱུད་མེད་པར་སློབ་མས་གདན་ས་བཟུང་བ་ལ། བླ་མ་དར་ཡས། གུང་པ་དཔལ་རྒྱལ། གུང་པ་ཤེར་རྒྱལ། གུང་པ་བཀྲ་ཤིས་བཟང་པོ། གུང་པ་བློ་བཟང་། དེ་འདས་ནས་ཡང་དགེ་བཤེས་བཀྲ་ཤིས་པའི་བསྐྱར་ནས་བྱས་སོ། །ཡང་ཁང་གསར་ཆེན་མོ་བའི་བརྒྱུད་པ་ནི། དང་པོར་སུམ་པ་གྲགས་ཀྱིས་སྲས། བླ་མ་གྲགས་པ་འོད་ཟེར་བ་དེ། ཤར་པ་རྡོ་རྗེ་འོད་ཟེར་དང་། ཡེ་པའི་བཙུན་པ་ཡིན། ཕྱིས་བླ་མ་འཕགས་པའི་དཀོན་གཉེར་གྱི་རྒན་པ་ཐོབ། སློབ་དཔོན་དྷརྨ་ཕ་ལའི་ཕྱག་ཕྱིར་གོང་ལ་ཕྱིན། བླ་མ་དུས་འཁོར་བའི་རྗེས་ལ་སེ་ཆེན་གྱི་ཏི་ཤྲི་མཛད། དགུང་ལོ་ང་བརྒྱད་པ་ལ་གོང་དུ་སྐུ་གཤེགས་སོ། །དེའི་གཅུང་པོ་སྲས་བླ་མ་སངས་རྒྱས་དཔལ་གྱིས་ཁང་གསར་བླ་བྲང་བཟུང་། གོང་དུ་ཨོ་ཇ་དུ་རྒྱལ་པོ་དང་། གོ་ལུག་རྒྱལ་པོ། བུ་ཡན་དུ་རྒྱལ་པོ་གསུམ་གྱི་རིང་ལ་ཏི་ཤྲི་མཛད། དགུང་ལོ་ཞེ་བརྒྱད་པ་ལ་གོང་དུ་སྐུ་གཤེགས། འདིས་བླ་མ་བདག་ཉིད་ཆེན་པོ་བཟང་པོ་དཔལ་ཡུལ་སྨན་ཚེའི་ཡུལ་ནས། ཧོར་རྒྱལ་པོ་དང་མཇལ་བའི་མཐུན་རྐྱེན་མཛད་པས། ས་སྐྱ་པའི་གདུང་རྒྱུད་ཀྱི་ཞབས་ཏོག་བྱེད་པ་ཆེ་བར་བྱེད་དོ། །དེའི་སྲས་བླ་མ་གྲགས་པ་རྒྱལ་མཚན་དཔལ་བས། གུ་ཤྲིའི་ལས་ཀ་མཛད་ནས། རྟིང་ལ་དབུས་ཀྱི་རེ་ཚ་ཡོན་ཏན་ཁང་དུ། ཁང་གསར་པ་རང་གི་ཉེ་གནས། ནམ་མཁའི་གཡོག་གིས་ཁྲིམས་མེད་བྱས་པས་ཉེས་བླངས་ནས་ས་སྐྱར་བྱོན། ཕྱག་རྫས་ཐམས་ཅད་དབུས་གཙང་མངའ་རིས་ཀྱི་དགེ་འདུན་ལ་གསེར་ཞོའི་འགྱེད་བྱས། བླ་མ་བདག་ཉིད་ཆེན་པོ་ལ་གསེར་གར་བུའི་ལྷ་ཆེན་དང་། ཁྱད་ནོར་མང་པོ་ཕུལ། ཁོང་རང་ཁང་གསར་ཆེན་མོ་ནས་མར་གསེབ་ཀྱི་སྤུ་བཏོན་པ་བཞིན་དུ། ཀུན་སྤངས་མཛད་པའི་ངང་ལ། དགུང་ལོ་ཉི་ཤུ་རྩ་དྲུག་པ་ལ་རྟ་ནག་གི་བྲག་སྐེ་རགས་ཅན་དུ་གྲོངས་སོ། །ཕུང་པོ་ལྷག་མེད་ལ་