R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 196
[A:196]།ཁྲི་སྐོར་མཆོག་གྱུར་ཞ་ལུ་བའི་བྱུང་ཚུལ་དང་། མྱང་ཡུལ་ཆགས་ལུགས་བཞུགས་སོ། །ཨོཾ་སྭ་ཏི། འགྲོ་བའི་བླ་མ་དཔལ་ལྡན་ས་སྐྱ་པ། །འཇམ་དབྱངས་རྣམ་འཕྲུལ་རིམ་པའི་སྐུ་དྲིན་ལས། །དབུས་གཙང་འདི་ཡང་ཁྲི་སྟོང་དབང་བསྒྱུར་བའི། །སྡེ་དཔོན་སྟོབས་ལྡན་ཆེ་གཉན་མང་བྱུང་བ། །དེའི་ནང་ནས་རིགས་བཟང་སྐུ་ཉེ་ཤིང་། ཁྲི་སྐོར་བཅུ་གསུམ་དག་གི་མཆོག་གྱུར་པ། །ཞ་ལུ་སྐུ་ཞང་བྱོན་ཚུལ་འདི་ལྟར་གྲགས། དེའང་འདི་ལྟར་ཐོས་ཏེ། སྔོན་རྒྱལ་པོ་ཁྲི་ལྡེ་འོད་སྲུང་དང་། བཙུན་མོ་ལྕོག་རོ་བཟའ་དཀར་རྒྱལ་མོ་ལེགས་ལ། སྲས་མངའ་བདག་དཔལ་འཁོར་བཙན། དེའི་བཙུན་མོ་ཚེ་སྤོང་བཟའ་དཀར་རྒྱལ་ལ། སྲས་སྐྱིད་སྡེ་ཉི་མ་མགོན་དང་། བལ་བཟའ་ཕན་རྒྱལ་ལ། ཁྲི་བཀྲ་ཤིས་བརྩེགས་པ་དཔལ་བཙན་ཆུང་བཙན་འདིས། སྔོན་མ་སྟོད་ཕྱོགས་སུ་བྱོན། གུ་གེ་སྤུ་ཧྲེང་ཡ་ཚེ་རྣམས་ཀྱི། མངའ་བདག་མཛད་པ་ལ་སྲས་དཔལ་གྱི་མགོན་དང་། བཀྲ་ཤིས་ཉི་མ་མགོན། ལྡེ་གཙུག་མགོན་རྣམས་བྱུང་བ་ལ། སྟོད་ཀྱི་མགོན་གསུམ་ཟེར་རོ། །དེའི་རྒྱུད་སྟོད་ཀྱི་རྒྱལ་རྒྱུད་རྣམས་ཡིན་ནོ། །གཅུང་པོ་ཁྲི་བཀྲ་ཤིས་བརྩེགས་པ་དཔལ། །རྟིང་ལ་སྟོད་ཕྱོགས་སུ་སྤྱུགས། མངའ་རིས་གུང་ཐང་མན་ལ་ཆགས། སྲས་དཔལ་ལྡེ་དང་འོད་ལྡེ། སྐྱིད་ལྡེ་རྣམས་བྱུང་བ་ལ། སྨད་ཀྱི་ལྡེ་གསུམ་ཟེར། གཅུང་སྐྱིད་ལྡེ་དེ། འཇད་རྟ་ནག་ངོས་སུ་ཕོག་པ་ལ། སྲས་དྲུག་བྱུང་བའི་ལྔ་པའི་རྒྱུད་འགྲོ་