[A:201]ལྷ་དབང་སྤྲུལ་པ་དཔལ་ལྡན་ཤར་དགའི་བྱུང་ཚུལ་ཡོད། འགྲོ་ཀུན་དགའ་མཛད་དཔལ་ལྡན་ས་སྐྱ་པས། །མཁྱེན་བརྩེའི་ཐུགས་རྗེའི་ནམ་མཁའ་ཡངས་པ་ལས། །ཤར་རིའི་རྩེ་ནས་འོད་སྟོང་འབར་བ་བཞིན། །ཤར་ཕྱོགས་ལྡན་མ་ལས་སྐྱེས་ཤར་དགའ་བ། །རིགས་བཟང་ཁུངས་བཙུན་ལྷ་དབང་རྣམས་འཕྲུལ་ལྟར། །འགའ་ཞིག་པས་རྒོལ་དཔུང་འཇོམས་དམག་དཔོན་རིན་ཆེན་དང་། །དིང་སང་བསྟན་པའི་སྲོག་ཤིང་ཆོས་རྒྱལ་ཆེན་པོའང་བྱོན། །དེས་ན་བདེ་བས་ཐུབ་བསྟན་གསལ་བྱེད་དང་། །མཛད་པའི་རྣམ་ཐར་རྒྱལ་མཚན་གྲངས་མང་ཡང་། །ངོ་མཆར་འཕྲིན་ལས་རགས་པ་ཟུར་ཙམ་བྲིས། །དེ་ཡང་དཔལ་ལྡན་ཤར་དགའ་པར་གྲགས་འདི་པའི་བྱོན་ཚུལ་ནི། རིགས་མཐོ་བ། སྒ་ལྡན་ཏྲེ་ཧོ་གསུམ་གྱི་ཡུལ་ཁམས་ལ་དབང་བསྒྱུར་བའི། ཇོ་བོའི་རིགས་སུ་གྱུར་ཅིང་རུས་བཟང་བ། བོད་མིའུ་དྲུག་གི་ནང་ནས། དམུ་ཚ་ལྷའི་གདུང་རྒྱུད་ཀྱི་ནང་ཚན་ལྡན་མའི་བུ་རྒྱུད་སྟེ། དང་པོ་ཁྲི་སྲོང་ལྡེ་བཙན་གྱིས་དུས་སུ། ལྡན་མ་རྩེ་མང་ཟེར་བའི། སྒྲ་བསྒྱུར་གྱི་ལོ་ཙཱ་བ་ཆེན་པོ་དང་། ལྡན་མ་བྱང་ཁྲི། བྱང་དམར་ལ་སོགས། མ་སངས་ཀྱིས་སྤྲུལ་པའང་མང་དུ་བྱོན་པར་འདུག ཆོ་འབྲང་བཙུན་པ་ནི། ལྡན་སྟོད་སྒའི་ཡུལ་དུ། སྒ་ཨ་སྙན་དམ་པ་ཟེར་བའི། འབྱོར་ལྡན་དཀར་ཕྱོགས་ལ་མོས་པ་བྱུང་འདུག་པས། དེ་སྒ་ལྡན་ཏྲེ་བོའི་ས་ཕྱོགས་སུ། ལྷ་ཁང་རྒྱ་ཕིབས་ཁྱུང་མགོ་ཅན་བརྒྱ་རྩ་བརྒྱད། ལྷ་ཁང་དེའི་ནང་དུ་རྟེན་ངོ་མཚར་ཅན་དང་།