[A:16]གཅིག་དང་། དཀར་ཤ་པ་ནི་རྡོག་པོ་ལྔ། མཆིལ་ལྷམ་ཟུང་གཅིག །གདུགས་གཅིག་རྣམས་ཕུལ་ནས། བདེ་བར་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ཅེས་པའི་སྨོན་ལམ་བཏབ་ནས་ཐུགས་བསྐྱེད་པར་བཤད་དོ། །དེ་རྟིང་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས་པར། སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ཡན་གྱིས་གྲངས་མེད་དང་པོ་རྫོགས། སངས་རྒྱས་མར་མེ་མཛད་ཡན་གྱིས་གྲངས་མེད་གཉིས་པ་རྫོགས། རྣམ་གཟིགས་ཡན་གྱི་གྲངས་མེད་གསུམ་པ་རྫོགས་པར་བཤད་དེ། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང་། །དང་པོ་ཤཱཀྱ་ཐུབ་པའོ། །ཞེས་པ་ལྟར་འདོད་དོ། །
གྲངས་མེད་ཀྱི་ངོས་འཛིན་ཉན་ཐོས་པའི་ལུགས་ལ་མཛད་ནས་དང་པོ་རྫོགས་པ་ལུང་ལས། སངས་རྒྱས་ཤཱཀྱ་ཐུབ་པ་ནས། །འདྲེན་པ་ཡུལ་འཁོར་སྐྱོང་གི་བར། །བདུན་ཁྲི་ལྔ་སྟོང་ཚང་བ་ཡིས། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །ཞེས་སོ། །གཉིས་པ་རྫོགས་པ་ལུང་ལས། སངས་རྒྱས་ལེགས་མཛད་ནས་བཟུང་ཏེ། །དབང་པོ་རྒྱལ་མཚན་ཐུག་གི་བར། །བདུན་ཁྲི་དྲུག་སྟོང་ཚང་བ་ཡིས། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །ཞེསསོ། །གསུམ་པ་རྫོགས་པ་ལུང་ལས། སངས་རྒྱས་མར་མེ་མཛད་ནས་ནི། །སངས་རྒྱས་འོད་སྲུང་བར་དག་ཏུ། །བདུན་ཁྲི་བདུན་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །ཞེས་སོ། །ཐེག་པ་ཆེན་པོའི་ལུགས་ལ། གོང་ལྟར་ཁྱིའུ་སྣང་བྱེད་ཀྱི་ཐུགས་བསྐྱེད་པ་ནས་བཟུང་སྟེ། ས་དང་པོ་མ་ཐོབ་ཀྱི་བར་ལ་བསྐལ་བ་གྲངས་མེད་དང་པོ། དེའི་དུས་སོ་སོ་སྐྱེ་བོའི་ལུས་གྲངས་མེད་བླངས་རྟིང་ཚོགས་ཀྱི་ལམ་དུ་ཞུགས་ནས། དགེ་བ་སྤེལ་བ་དང་། སྦྱོར་ལམ་ལས་འབྲས་ལ་ངེས་ཤེས་སྐྱེས་ཏེ། དེའི་བར་ལ་སངས་རྒྱས་བདུན་ཁྲི་ལྔ་སྟོང་ལ་བསྙེན་བཀུར་བྱས་པའི་ཐ་མ་ལ། སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་ཡིན་