[A:224]ཞོལ་བསྲུང་བ་གང་ཁག་པ་ཐམས་ཅད་དུ་ཕེབས་ནས། སྒྱོགས་མདའ་རྡོའི་གནད་སྤྲད་པས་ཤིན་ཏུ་ངོ་མཚར་དུ་གྱུར་ཏེ། ཕྱིས་ནས་གདོང་ལེན་གྱི་མི་སུ་ཡང་མེད་པ་བྱུང་ངོ་། །གཞན་ཡང་དམག་ཆེ་ཆུང་མཐའ་རོགས་སྔ་ཕྱི་མང་པོའི་འགོ་མ་ལ་བྱོན་པ། དུས་ནམ་ཡང་གདོང་ཕུད་ངོར་ལང་ཁོ་ན་མཛད་ཅིང་། ཕྱི་སྐོར་བྱ་བ་གང་ལའང་། བརྟན་ལྷིང་གཙོ་བོར་འདོན་པས། ཕྱི་ནང་ཀུན་གྱིས་འདི་ནི་དཔའ་མཛངས་འཛོམས་པའི་སྐྱེས་བུ་ཆེན་པོ་ཡིན་ཞེས་གྲགས་སོ། །དེའི་གཅུང་པོ་རྒྱ་བཟང་རིན་ཆེན། རྒྱ་མཚོ་རིན་ཆེན། ནོར་བུ་རིན་ཆེན། གྲུབ་པ་རིན་ཆེན་རྣམས་ཡིན། གཅུང་འདིའི་རྫོང་རང་འབྱོན་རྩེ་བཟུང་། མཚར་ཞན་བོད་འབྲོག་ཀུན་གསར་དུ་ཆོད་དོ། །གཅེན་གྱི་ཁབ་ཏུ་གདུང་རྒྱུད་ལྕམ་མོ། བྱང་སེམས་ནམ་མཁའ་རྒྱལ་པོ་བ་བྱོན་པའི་སྲས་ཆེ་བ་ཆོས་རྒྱལ་རིན་ཆེན་མཆེད་གསུམ་ཏེ། སྐུ་མཆེད་ཁུ་དབོན་ཞལ་ངོ་མང་ལ་ཧྲགས་པ། སྐུ་བརྟན་པར་བཞུགས་པ་ལགས་སོ། །བློན་ཆེན་ཆེ་རྒྱུད་མ་སངས་སྤྲུལ་པའི་རིགས། ཁ་དྲག་མི་དཔུང་འཛོམས་པ་འཁོར་བཅས་འདིས། །ཕས་རྒོལ་མི་མཐུན་ཕྱོགས་ལས་རྒྱལ་བ་དང་། །དཔལ་འབྱོར་ཡར་ངོའི་ཟླ་ལྟར་རྒྱས་གྱུར་ཅིག །དགེ་ལེགས་འཕེལ་བར་གྱུར་ཅིག །ཕོ་རྩལ་སྣ་དགུ་ནི་མཐེབ་ཀྱི་ཤ་ནོན་པ་དང་གཅིག རྐྱལ་གྱིས་ཆུ་ནོན་པ། ཡང་སོར་བྱ་ལྟ་བུ་དང་གསུམ་ལ་དཔའ་ཤེད་ལུས་ཀྱི་རྩལ་གསུམ་ཟེར། ལོ་རྒྱུས་ཀྱི་དགེ་ཡོན་ཐོན་པ་དང་། འགྲན་ཤགས་ཀྱི་ལྕེ་ནོན་པ་དང་། ཁྱོམ་ཚོས་བཞད་གད་ཐོན་པ་དང་གསུམ་ལ་སྨྲ་བ་ངག་གི་རྩལ་གསུམ་ཟེར། དཔའ་ལ་བརྟན་ཚུགས་པ་དང་གཅིག མཛངས་ལ་བློ་མྱུར་བ་དང་གཉིས། གོ་གསལ་ལ་གཏིང་སུས་ཀྱང་མི་རྟོགས་པ་དག་གསུམ་ལ། བློ་གྲོས་སེམས་ཀྱི་རྩལ་གསུམ་ཟེར། ཕོ་རྩལ་སྣ་དགུ་ནི། མདའ་རྡོ་མཆོངས་གསུམ། ཤོ་ཕྲས་རྩིས་གསུམ། བང་ཤགས་རྐྱལ་གསུམ་དང་དགུའོ། །ཕོ་རྩལ་སྣ་དགུ་འདི་འཛོམ་ན་མ་སངས་སྤྲུལ་པར་བྱེད་དོ། །།