[A:231]རྫོང་གོང་འོག་གི་གཉེར་ལས་ཀྱང་ཡབ་སྲས་པའི་ལོ་སུམ་ཅུ་སོ་བདུན་མཛད་པའི་རིང་ལ། བླ་བྲང་གི་ནང་དུ་གསོལ་བཟང་ཞིང་། ཕྱི་ནས་དགྲ་ཐོས་སྐད་གཅིག་ཀྱང་མ་ཕོག་པས། བུ་རྟ་འདབ་རྒྱས་པ་དང་། མི་སྡེ་མངའ་ཞབས་བདེ་སྐྱིད་ལ་ལོངས་སྤྱོད་པ་བྱུང་། ཡབ་བདེ་བར་གཤེགས་པའི་དགོངས་པ་རྫོགས་ཐབས་རྣམས་ཀྱང་། གཙང་གཡས་རུའི་ཕྱོགས་སུ་བཟང་ཞིང་ངོ་མཚར་ཆེ་བའི་ཚད་ཐུབ་པར་བསྒྲུབས། རང་གི་རྫོང་མངའ་ཞབས་ལ། ཕ་རོལ་གྱི་དམག་དཔུང་སྟོབས་ཆེན་གྱིས། སྐོར་རྒྱག་གནོད་པ་ཡུན་རིང་བྱུང་དུས། ཕྱི་ནང་ཀུན་གྱིས་དཔོན་གཡོག་ཐམས་ཅད་ལ་སྨོན་ཅིང་། མ་ཁྲེལ་སྲ་ཕུར་ལེགས་པར་བཅས་པས། ཕྱི་མི་སླུ་བྲིད་མགོ་སྐོར་དམག་དཔུང་གང་གིས་ཀྱང་། རང་སྡེ་གཞོམ་པར་མ་ནུས་པའི་སྟེང་དུ། སྟག་ཚང་རྫོང་གི་བསྟན་ཇུས་ཟིན་པ་དང་། གཙང་སྲིད་ཀྱི་འགོ་ཚུགས་པའི་སྐྱེས་བུ་སྡེ་དཔོན་ཆེན་པོར་གྱུར་ཅིང་། དེར་རྟིང་ནས་ས་ཟུགས་ཀྱི་རྫོང་གདན་མངའ་ཞབས་གསར་དུ་ཆོད་པ་ཤིན་ཏུ་མང་ལགས་འདི་པ་ཡབ་ཡུམ་དཀར་ཕྱོགས་ལ་མོས་ཤིང་། ཐུགས་དགེ་དཔའ་མཛངས་ལྡན་པས། གོང་འོག་སྐུ་ཉེ་འབྲེལ་ཆགས་ཐམས་ཅད་ལ་བཀུར་སྐྱོང་། འབྲོག་ལམ་ཟས་ནོར་ཀྱི་འཛིན་ཚུགས་མཚན་དག་དོན་དུ་ལྡན་པས། མཐུན་འཇུག་གང་ལའང་། སུས་ཀྱང་འགྲན་དུ་མེད་པའི་སྙན་གྲགས་ཀྱི་ཕྱོགས་ཀུན་ཏུ་ཁྱབ་ལ། ཆོས་རྒྱལ་ཆེན་པོར་གདའོ། །དྲུང་ཆེན་པོ་པ་དེ་ཉིད་དང་། གདུང་རྒྱུད་ལྕམ་མོ་བྱང་སེམས་བསོད་ནམས་རྒྱལ་མོ་བ་ལ། སྲས་པོ་མཆེད་གཉིས་བྱུང་བའི་གཅེན་དྲུང་རྒྱལ་བ་དཔལ་བཟང་པོ་པ་ཡིན་ཅིང་། གཅུང་པོ་ནང་སོ་ཆོས་སྐྱོང་རྒྱལ་མཚན་དཔལ་བཟང་