[A:233]བོད་དུ་བསྟན་པ་ཕྱི་དར་དང་། མཁས་གྲུབ་སྡེ་དགོན་བྱུང་ཚུལ་བཞུགས་སོ། །ཨེ་མ་ཧོ། ཆོས་རྒྱལ་མེས་དབོན་མཁྱེན་བརྩེའི་ནམ་མཁའ་ལ། །བསྟན་པའི་ཉི་མ་བོད་ཀྱི་ཡུལ་དུ་གསལ། །སྡིག་ཆེན་དར་མའི་དགྲ་ཅན་གདོང་པ་ཡིས། །ཆུ་མོ་ཕག་ནས་དྲུག་ཅུ་རྩ་བརྒྱད་བར། །མུན་པའི་རྒྱལ་ཁམས་བཞིན་དུ་ནག་པོར་བསྒྲིབས། །བོད་ཁམས་ཕལ་ཆེར་བསྟན་པའི་སྒྲ་མི་གྲགས། །བསྟན་འཛིན་ཐམས་ཅད་གབ་དང་བྲོས་ལ་རྩོལ། །དབུས་གཙང་མཐིལ་དུ་ཆོས་མིན་སྣ་ཚོགས་དར། །རྒྱལ་ཁྲིམས་ཆེན་པོའང་རང་གི་སྤྱོད་པར་ཐལ། །དེ་ལ་རྒྱལ་བ་རྣམས་ཀྱིས་མ་བཟོད་པར། །མངའ་བདག་ཚ་ལ་ན་ཡི་ཐུགས་རྒྱུད་བསྐུལ། །བླ་ཆེན་སྤྱན་སྔར་ཆོས་ཞུ་རིམ་པར་བརྫངས། །བསྟན་པའི་མེ་རོ་སྨད་ནས་བསླང་ཚུལ་དང་། །ཕྱི་དར་རྒྱས་པ་བྱུང་ཚུལ་འདི་ལྟར་སྣང། ཞ་ལུ་བུ་སྟོན་ཆོས་རྗེའི་ཆོས་འབྱུང་ལ། །བོད་ཡུལ་ཁ་བ་ཅན་གྱི་ཡུལ་ལྗོངས་འདིར། །སངས་རྒྱས་བསྟན་པ་ཕྱི་དར་བྱུང་ཚུལ་ནི། སྡིག་རྒྱལ་གླང་དར་མར་གྲགས་པ་དེ་ཉིད། ཆུ་མོ་ལུག་ལོ་སུམ་ཅུ་སོ་དགུ་ལོན་པའི་དུས། མངའ་བདག་ཁྲི་རལ་གྲོངས་ནས། ཁོང་གིས་རྒྱལ་སྲིད་བཟུང་། ལོ་གཉིས་རྒྱལ་པོ་ཚུལ་བཞིན་སྒྲུབ། ཆུ་མོ་ཕག་གི་ལོ་གཞུག་ནས་ཐུགས་ལ་གདོན་གསོལ་བ་དང་། བློན་པོ་རྒྱལ་ཏོ་རེ་སྟག་སྣ་ཅན་ལ་སོགས་པ་སྡིག་པ་ལ་དགའ་བ་རྣམས་ཀྱིས་བསྒྱུར་ནས། སྔར་ནུ་བོ་ལ་རྒྱལ་སྲིད་བསྐོས་པའི་སྙིང་ནད་