R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 237
[A:237]འཕྲང་པོ་ལྷ་ཁང་དང་། སུམ་པས་འགྲོ་སྭ་ཐང་དང་། རྨེ་རུ་བརྩིགས། ཁོང་རྣམས་ཀྱི་སློབ་མ་ཡང་སློབ་དང་བཅས་པ་རྣམས་ཀྱིས་ཀྱང་། གཙུག་ལག་ཁང་མང་དུ་བཞེངས་སོ། །གཙང་དུ་ལོ་སྟོན་རྡོ་རྗེ་དབང་ཕྱུག་གིས་རྒྱན་གོང་བརྩིགས།རྒྱ་ཤཱཀྱ་གཞོན་ནུ་དང་། འགོས་གཡག་སྲུང་ལ་སོགས་པ་བུ་ཆེན་ཉི་ཤུ་རྩ་བཞི་བྱུང་། ཨ་མེས་ཚོང་བཙུན་ཤེས་རབ་སེང་གེས། རྩིག་གི་ཡང་དབེན་བརྩིགས། ཞང་སྟོན་མཚལ་འཕགས་ལ་སོགས། སློབ་མ་ཡང་མང་དག་བྱུང་བས། དེ་རྣམས་ཀྱི་དགེ་འདུན་གྱི་སྡེ་ལྷ་ཁང་ཚན་ཆེ་བ་བཞེངས། མགོ་གཡག་གི་སློབ་མ། ལྕེ་བཙུན་ཤེར་འབྱུང་གིས་ཞ་ལུ་འ་མོ་བཞེངས། དེ་ལྟར་ཁམས་སུ་དབུས་གཙང་གི་མི་བཅུས་ཕྱིན་ཀྱང་། སུམ་པ་དང་འོ་རྒྱང་སྤུན་ལ་མཆེད་པ་མེད་ཅིང་། འ་འབྲིང་གཉིས་དེ་རྣམས་ལ་མ་གཏོགས་ཟེར་རོ། །ཨ་མེས་བླ་མ་ཆེན་མོ་དང་། མངའ་བདག་ཚ་ལ་ན་ཡབ་སྲས། དབུས་གཙང་གི་མི་བཅུ་པོ་དང་བཅས་པ་དེ་རྣམས། བོད་ཁ་བ་ཅན་པ་ལ་ཤིན་ཏུ་ནས་ཀྱང་སྐུ་དྲིན་ཆེའོ། །དེར་རྟིང་བོད་རྒྱལ་འོད་སྲུང་རྒྱུད། ལྷ་བླ་མ་ཡེ་ཤེས་ཁུ་དབོན་རྣམས་ཀྱིས་རྗེ་བཙུན་གྷ་ཡ་དྷ་ར་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ ཕ་དམ་པ། པཎ་ཆེན་ཤཱཀྱ་ཤྲི་ལ་སོགས། རྒྱ་བལ་གྱི་ལོ་པཎ་མང་པོ་གདན་དྲངས་པ་དང་། བོད་ཡུལ་དུ་འཁྲུངས་པའི་བླ་མ་ས་སྐྱ་ཁུ་དབོན། ལོ་ཆེན་རིན་བཟང་། །ཁུ་རྔོག་འབྲོམ་གསུམ། དྭགས་པོ་དང་ཤངས་པ་བཀའ་རྒྱུད་པ་ལ་སོགས། ལོ་པཎ་མཁས་གྲུབ་བཟང་ལ་མང་བ། རིམ་པར་བྱོན་པ་རྣམས་བཤད་ཉན་སྒོམ་སྒྲུབ་ཀྱིས་བྱ་བ་རྒྱ་ཆེན་པོ་མཛད་པས། བསྟན་པ་རིན་པོ་ཆེ་གངས་ལ་ཉི་མ་ཤར་བ་ལྟ་བུ་གསལ་ཞིང་ དྭངསདངས་པར་བཞུགས་པ་ལགས་སོ། །བསྟན་པ་ཕྱི་དར་དར་ཚུལ་འདི་བྲིས་པས། །བསྟན་པའི་ཆུ་རྒྱུན་རྒྱུན་རིང་གནས་པ་དང་། །བསྟན་འཛིན་སྐྱེས་མཆོག་མཆོག་ཏུ་ཡར་འཕེལ་ནས། ། བསྟན་ཞུགས་འགྲོ་ཀུན་ཀུན་མཁྱེན་ཐོབ་པར་ཤོག། །།