[A:238]ཇོ་བོ་རྗེའི་སློབ་རྒྱུད་དང་། བཀའ་གདམས་པའི་བྱོན་ཚུལ་བཞུགས་སོ། ། ན་མོ་རཏྣ་གུ་རུ་བྷྱཿ གངས་ཆེན་ལྗོངས་འདིར་ཐུབ་བསྟན་གསལ་བ་དང་། །སྙིགས་དུས་འགྲོ་རྣམས་སྨིན་གྲོལ་འགོད་པའི་ཕྱིར། །ཇོ་བོ་ཡབ་སྲས་བཀའ་གདམས་རྒྱུད་པ་རྣམས། །བྱོན་པའི་རྣམ་ཐར་ངོ་མཚར་འདི་ལྟར་སྣང། །བོད་དུ་བཀའ་གདམས་པའི་རྒྱུད་པ་བྱུང་ཚུལ་ནི། དང་པོ་རྒྱ་གར་གྱི་མཁན་པོ་ཞི་བ་འཚོ་བཟང་པོའི་གདུང་རུས་ལས་ཆད་པ། ཇོ་བོ་དི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཞེས་པ་དེའི་ཡབ་ནི། རྒྱ་གར་ཤར་ཕྱོགས་ཀྱི་ཟ་ཧོར་རྒྱལ་པོ་དགེ་བའི་དཔལ་གྱིས་སྲས་གསུམ་གྱི་འབྲིང་པོ་མཚན་ཟླ་བའི་སྙིང་པོ། གཞོན་ནུ་ནས་དགེ་འདུན་ཕལ་ཆེན་སྡེ་པ་ལ་རབ་ཏུ་བྱུང་ནས། བི་ཀྲ་མ་ལ་ཤཱི་ལའི་གནས་བརྟན་མཛད་པ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཞེས་པ་མཚན་ཡོངས་སུ་གྲགས་པ་དེས་རྒྱ་གར་དུ་འགྲོ་དོན་རྒྱ་ཆེན་པོ་མཛད་ཅིང་། ཆུ་ཕོ་རྟ་ལོ་ལ་དགུང་ལ་དྲུག་ཅུ་རེ་གཉིས་བཞེས་པ། བོད་ལ་བྱོན་ནས་བལ་པོར་ལོ་གཅིག མངའ་རིས་སྟོད་དུ་ལོ་གཉིས། གཙང་དུ་ལོ་གཅིག་དབུས་སུ་ལོ་བདུན་ཟླ་བ་ལྔའི་བར་ལ་བཞུགས། བསྟན་པ་ཉིན་མོ་ལྟར་ཆེར་གསལ་བར་མཛད་ནས། དོན་གསུམ་པ་ཤིང་ཕོ་རྟ་ལོ་དབྱུག་པ་ཟླ་བའི་ཚེས་བཅོ་བརྒྱད་ལ། སྙེ་ཐང་འོར་ནས་དགའ་ལྡན་དུ་སྐུ་གཤེགས་སོ། །དེ་ཉིད་ལ་རྒྱ་བོད་ན་སློབ་མ་མང་དུ་ཡོད་ཅིང་། བོད་དུ་ཐུགས་སྲས་ཀྱི་མཆོག་ཁུ་རྔོག་འབྲོམ་གསུམ།