R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 243
[A:243]ལོ་བཅུ་བདུན་གྱི་བར་དུ། རྒྱ་གར་དང་། བལ་པོར་བཀའ་མདོ་རྒྱུད་མན་ངག་བསྟན་བཅོས་ལུང་དང་རིགས་པར་སྦྱངས་ཞིང་། མངའ་བརྙེས་པར་མཛད། མཐར་བོད་དུ་བྱོན། དེ་དག་ཐམས་ཅད་མ་ལུས་པར་བསྒྱུར། བསྟན་པ་ཉི་མ་ཤར་བ་ལྟར་དུ་གསལ་བར་མཛད། དབུས་གཙང་། ལྷོ་བལ། མདོ་སྟོད་སྨད། ཤར་ཙོང་ཁ། རྒྱ་མི་ཉག་ལ་སོགས་སུ་གྲུབ་མཐའ་འཛིན་པའི་སློབ་མ། རིང་སློབ་ཏུ་མ་གྱུར་པ་མེད་ཅིང་། དབུས་གཙང་དུ་ལོ་བཅུ་བདུན་གྱི་བར་དུ་འགྲོ་དོན་མཛད་དོ།།དེའི་ཐུགས་ཀྱི་སྲས། ཞང་ཚེ་སྤོང་ཆོས་ཀྱི་བླ་མ་ལ་སོགས་ཐུ་བོ་བཞིར་གྲགས་པ་དང་། གཞན་ཡང་གངས་པ་ཤིའུ་ལ་སོགས། བུ་སློབ་བསམ་གྱིས་མི་ཁྱབ་པ་སྨིན་པར་མཛད་པའི་ནང་ནས། ཞང་ཚེ་སྤོང་ཆོས་ཀྱི་བླ་མས། ནེའུ་ཐོག་གི་གདན་ས་ལོ་སུམ་ཅུ་སོ་གཉིས་མཛད། དེའི་རྗེས་སུ་གཉལ་པ་རིལ་ལུས་ལ་གཉིས་མཛད། རྣམ་པར་བས་ལོ་བརྒྱད་མཛད་དོ། །བླ་མ་དེ་གསུམ་གྱི་སློབ་མ། ཕྱྭ་པ་ཆོས་ཀྱི་སེང་གེས་གདན་ས་ལོ་བཅོ་བརྒྱད་ཀྱི་བར་ལ་མཛད་དོ། །འཛམ་བུ་གླིང་ཐམས་ཅད་སྙན་གྲགས་དང་བུ་སློབ་ཀྱི་ཁྱབ་པར་མཛད། དེའི་སྲས་ཀྱི་གཙོ་བོ་གཙང་ནག་པ་བརྩོན་འགྲུས་སེང་གེ་ལ་སོགས་སེང་ཆེན་བརྒྱད་དང་། ཇོ་སྲས་རྩེ་མོ་ལ་སོགས། ཇོ་སྲས་བཞི་དང་། གཞན་ཡང་འཇད་པ་སྟོན་སྐྱབས། ཁམས་པ་རྡོར་རྒྱལ་ལ་སོགས་དབུས་གཙང་ཁམས་གསུམ་ལྷོ་གཉལ་གྱི་སློབ་མ་དཔག་ཏུ་མེད་པ་སྨིན་པར་མཛད་དེ། བསྟན་པ་ཆེ་ཆེར་འཕེལ་བར་མཛད་དོ། །དེའི་ཐུགས་སྲས་བརྒྱད་པོའི་ནང་ནས། བརྩེགས་དབང་ཕྱུག་སེང་གེས་གདན་ས་ལོ་ལྔ། དེ་གཉིས་ཀྱི་སློབ་མ། གཉལ་པ་དད་པ་བཟང་པོས་ལོ་བདུན། འཛམ་ཙན་ནེས་ལོ་བདུན། བཟད་པ་དར་མ་འོད་དང་། བཟད་པ་དོན་གྲུབ་གཉིས་ཀྱིས་ལོ་སུམ་ཅུ་མཛད་དོ། །