[A:253]དྭགས་པོ་བཀའ་བརྒྱུད་བྱོན་ཚུལ་བཞུགས།ན་མོ་རཏྣ་གུ་རུ། རྡོ་རྗེ་འཆང་གིས་བྱིན་བརླབས་པ། །ཏེ་ལོ་ན་རོ་རྒྱུད་འཛིན་ཅིང་། །གཏུམ་མོའི་ཆོས་ལ་དབང་འབྱོར་པ། །དྭགས་པོ་བཀའ་རྒྱུད་འདི་ལྟར་བྱོན། །ཐུབ་བསྟན་ལྔ་བརྒྱ་ཐ་མའི་དུས་སུ། བོད་གངས་ཅན་གྱི་ཁྲོད་འདིར། ཐེག་ཆེན་གསང་སྔགས་ཟབ་མོ། འཛིན་སྐྱོང་སྤེལ་བར་མཛད་པ། དྭགས་པོ་བཀའ་རྒྱུད་དུ་གྲགས་པ་འདི་ལྟར་བྱུང་ཏེ། དེའང་རྒྱལ་བ་རྡོ་རྗེ་འཆང་ཆེན་པོས།དངོས་སུ་བྱིན་གྱིས་བརླབས་པའི་གྲུབ་ཐོབ་ཆེན་པོ། ཏེ་ལོ་ཤེས་རབ་བཟང་པོ་དེ་ལ་སངས་རྒྱས་དངོས་ཀྱི་མོས་གུས་ཐོབ་ནས། དུས་ཐབས་བསྟན་པས་ས་ལམ་བགྲོད་དེ། མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པ་ནི། ཇོ་བོ་ན་རོ་པ་ཡེ་ཤེས་དངོས་གྲུབ་ཏེ། དཔལ་ནཱ་ལེནྡྲའི་བྱང་སྒོ་བསྲུང་བའི། པཎྜི་ཏ་ཆེན་པོ། དེས་སྨིན་ཅིང་གྲོལ་བར་མཛད་པའི་དངོས་སློབ། ལྷོ་བོད་པ། སྒྲ་བསྒྱུར་གྱི་རྒྱལ་པོ་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད། དང་པོ་མར་ཡུལ་གྱི་མར་ཤེ་ལུགས་རྩེའི་སྲས། མར་པ་ཁྲི་འཇམ། ལྷོ་ཕུ་ཆུ་སྐྱེར་གྱི་ཤབ་སྟེང་སུ་བྱོན། དེའི་སྲས་གསུམ་གྱི་འབྲིང་པོ། མར་སྟོན་དབང་ཕྱུག དེའི་སྲས་ལྔའི་མཐའ་རྟག་ཏུ་ཇོ་མོ་ལ་སྐུ་འཁྲུངས། འབྲོག་མི་ཤཱཀྱ་ཡེ་ཤེས་དང་། སེ་ལོ་ཙཱ་བ་ལ་ལོ་ཙཱ་བསླབས། རྒྱ་གར་དུ་ལན་གསུམ་བྱོན། རྗེ་འགྲན་གྱི་དོ་མེད་རྣམས་གཉིས་དང་། ཁྱད་པར་གྲུབ་ཐོབ་ཞལ་མངའ་ཆོས་ཀྱི་འབྲེལ་བའི། བླ་མ་བཅུ་གསུམ་