[A:254]རྣམས་བསྟེན་ཅིང་། དེ་རྣམས་ཀྱི་དབང་བསྐུར་བྱིན་གྱིས་བརླབས་པས་བཀའ་བསྟན་བཅོས་ལུང་མན་ངག་དུ་མ་ཐོབ། ཡི་དམ་གྱིས་ཞལ་གཟིགས། ཆོས་ཀྱི་མངའ་བདག་ཆེན་པོར་གྱུར་ཏེ། མཐར་འཕོ་བ་གྲོངས་འཇུག་ག་གདམས་པ་ཞུ་རུ་བྱོན་དུས། བླ་མ་ན་རོ་པ་ཆེན་པོས། བུ་ཁྱོད་ལ་བོད་ན་གདུལ་བྱ་སྣོད་ལྡན་ཡོད་ཅིང་། རིགས་རྒྱུད་ནམ་མཁའི་མེ་ཏོག་ལྟར་ཡལ་ཀྱང་། ཆོས་རྒྱུད་ཆུ་བོའི་རྒྱུན་ལྟར་རིང་། ལོ་ཙཱ་བ་འདིའི་འོག་རོལ་ཏུ། མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་ཞིང་། ཁྱོད་ཀྱི་སློབ་རྒྱུད་བདུན་ཡན་ཡན་ལ། བླ་མས་བྱིན་གྱིས་བརླབས་དེའང་མཆོག་གི་དངོས་གྲུབ་སྟེར་ཅེས་ལུང་བསྟན། རྒྱལ་ཚབ་ཏུ་བསྐོས་ནས་བོད་དུ་ཕེབས།སྒྲུབ་རྒྱུད་ཀྱི་བསྟན་པ་ནམ་ལང་ལ་ཉི་མ་ཤར་བ་ལྟར་དུ་མཛད་འདུག ལྷོ་བྲག་ཏུ་སྐུ་མཁར་སྐྱ་བོ་དགུ་ཐེག་བརྩིགས་ནས་འགྲོ་དོན་བསྐྱངས། དགུང་ལོ་བརྒྱད་ཅུ་རྩ་བརྒྱད་པ་ལ། མཁའ་སྤྱོད་དུ་གཤེགས་སོ། །དེས་སྐུ་སྲས་བདུན་གྱི་ཆེ་བ༑ དར་མ་མདོ་སྡེ་འབུམ་སྐུ་ཡོན་ཏན་ཕུན་སུམ་ཚོགས་ནའང་། བར་ཆད་བྱུང་ནས་གཞོན་ནུ་ལ་སྐུ་གཤེགས། ཕུག་རོན་གྱི་རོ་ལ་འཕོ་བ་གྲོངས་འཇུག་མཛད། རྒྱ་གར་ལ་འཕུར་ནས་དུར་ཁྲོད་དུ་བྲམ་ཟེ་གཞོན་ནུ་ལ་འཕོས་ཏེ། དེ་ཏི་ཕུ་པར་གྱུར་པ་ཡིན་ཟེར། གཅུང་དར་མ་བསམ་གཏན་ལ་སོགས་དྲུག་བྱུང་། ཐུགས་ཀྱི་སྲས་ནི་བྱང་གི་མར་པ་མགོ་ལེགས་པ་དང་། སྒྱེར་བུའི་དགེ་བཤེས་ཀློག་སྐྱ་ཇོ་སྲས་ལ་སོགས་པ་དང་། ཁྱད་པར་ཀ་ཆེན་བཞིར་གྲགས་པ། གཞུང་གི་རྔོག་སྟོན་ཆོས་རྡོར། དོལ་གྱི་ཚུལ་སྟོན་དབང་ངེ་། གཙང་རོང་གི་མེས་སྟོན་ཚོན་པོ། གུང་ཐང་གི་མི་ལ་རས་པ་རྣམས་ཡིན། སྔོན་མ་གསུམ་གྱི་ནི་བཤད་རྒྱུད་གཙོ་ཆེ། ཕྱི་མ་གཅིག་བུ་སྒྲུབ་རྒྱུད་གཙོ་ཆེའོ། །གཞན་ཡང་གཉལ་གྱི་ཤུད་བུ་སྒོམ་དཔལ། སྐྱི་སྟོན་སྐྱར་རྒྱལ། བ་