R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 255
[A:255]རང་སྦ་བ་ཅན་ལ་སོགས་སློབ་མ་མཁས་གྲུབ་བཟང་ལ་མང་བ་བྱོན་ནོ། །གཞུང་གི་རྔོག་སྟོན་ཆོས་རྡོར་ནི། གདུང་རུས་ལྡོང་གི་སྡེ་ཚན་རྔོག བོད་རྒྱུད་པའི་སློབ་བརྒྱུད། རྔོག་བན་ཆེན་བྱ་བ། སྔགས་རྙིང་མའི་དགེ་བཤེས་ཆེན་པོ་ཞིག་གིས་ལྟས་དང་། གཞུང་གི་རི་བོར་འཁྲུངས། རང་གི་ཡབ་དང་། རྗེ་མར་པ་ལ་དབང་བཤད་སྒྲུབ་མཐའ་དག་ཐོས། རྗེ་མར་པ་ལ་འབུལ་མོ་ཆེ་ལན་གསུམ་བགྱིས་པ་ལ་སོགས་ཀྱི་ཞབས་ཏོག་ཆེ་བར་བྱས་ཤིང་། ཐུགས་རབ་ཀྱི་བླ་མའི་ཐུགས་ཟིན་པར་བྱེད། གཞན་ཡང་། རྭ་རྡོ་རྗེ་གྲགས་ལ་སོགས་མཁས་གྲུབ་དུ་མ་བསྟེན། རཾ་རྩ་ཅན་དང་། ཅན་དྲུག་གི་མི་ལ་མཐུ་ཆེན་ལ་སོགས་པའི་སློབ་མ་མང་དུ་བསྐྱངས། བཤད་སྒྲུབ་མཐར་ཕྱིན་ནས། དགུང་ལོ་དྲུག་ཅུ་རྩ་བརྒྱད་ལ། གདན་ས་ཐེལ་ནས་སྐུ་དངོས་སུ་མཁའ་སྤྱོད་དུ་གཤེགས་སོ། །དེའི་སྲས་རྔོག་མདོ་སྡེ་ལས་སྟོད་པ་སྤུག་སྟོན་ཡེ་ཤེས་རྒྱལ་མཚན་གྱིས་སྐྱེ་བ་ཡིན། ཆུང་བའི་དུས་རྗེ་མར་པ་དང་མཇལ། ཆག་ལོ་སོགས་ལོ་ཙཱ་བ་བརྒྱད་བསྟེན། ཐོས་བསམ་མཐར་ཕྱིན། ཡབ་ཀྱི་གདན་ས་མཛད། བདག་མེད་ལྷ་མོ་བཅོ་ལྔའི་ཞལ་གཟིགས། ཉ་མོ་གུར་དུ་རྗེ་མར་པའི་སྲས་མོ་ཞིག་ལ། གྲལ་དཔོན་ཞུས་ནས་བརྒྱ་འབུལ་བྱས། མཆིམས་ཆེན་པོ་དགེ་བཤེས་ཆེན་པོ་ཕྱྭ་པ་དང་། མཁན་པོ་བསོད་ནམས་རྩེ་མོ་ལ་སོགས། དབུས་གཙང་གི་དགེ་བཤེས་ལྔ་བརྒྱ་བོས། དེས་ཟླ་བ་ཕྱེད་གཉིས་ཆོས་འཁོར་མཛད། དེའི་བཟང་ལན་ལ། སྲས་མོ་དེས་མར་པའི་སྐུ་གདུང་ཕུལ། ལྡུམ་ཆུང་བཏབ། ཆོས་གཞིས་མང་དུ་བཙུགས། དགུང་ལོ་བདུན་ཅུ་རྩ་བདུན་ལ་གཤེགས་སོ། །དེའི་སློབ་མ་བརྩེགས་དྷརྨ་རྭ་ཛ་གྲ་སྟོན། འཐབ་བྲལ་ལྷོ་ནག་ལ་སོགས་མང་དུ་བྱོན། བླ་མའི་སྲས། ཇོ་སྲས་ཚུལ་ཁྲིམས་ཤེས་རབ། ཐོགས་མེད་གྲགས་པ་ལ་