[A:261]བྱོན། སྒོམ་པ་སོར་ཆུད། སྒམ་པོ་མཐོང་བའི་ལ་ཁར་བླ་མའི་ལུང་བསྟན་བཞིན། ཆོས་ཉིད་བདེན་པ་དངོས་སུ་རྟོགས། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་སྐྱེས། འོ་དེ་གུང་རྒྱལ་གྱི་བུ། དྭགས་ལ་སྒམ་པོས་སྦྱིན་བདག་བྱས་ནས། སྒམ་པོའི་རི་ཁྲོད་བཏབ་ཏིང་ངེ་འཛིན་སྣ་ཚོགས་དང་། མངོན་ཤེས་རྫུ་འཕྲུལ་དུ་མ་ཐོབ། སྣང་སེམས་འདྲེས་ཤིང་དབང་དུ་འདུས། ཉམས་རྟོགས་མཐར་ཕྱིན། དགུང་ལོ་བདུན་ཅུ་རྩ་བདུན་པ་ལ། མྱ་ངན་ལས་འདས་སོ། །བླ་མ་དེས་དོན་གཉིས་ཀྱི་གཏེར་ཁ་ཕྱེ་བས། འགྲོ་དོན་དཔག་མེད་མཛད་ཅིང་། བུ་ཆེན་གདུགས་ཐོགས་ལྔ་བརྒྱ་བྱུང་བའི། སྔ་ཚར་ལ་དྭགས་པོ་སྒོམ་པ་དང་། རྒྱལ་བ་ཁྱུང་ཚང་བ་ལ་སོགས། བར་ཚར་ལ་གྲུབ་ཐོབ་དབུ་སེ། ཁམས་པ་རྡོར་རྒྱལ། ཞང་སུམ་ཐོག་པ་ལ་སོགས། ཕྱི་ཚར་ལ་བྱང་གི་འབབ་རོམ་པ་ཆེན་པོ། ཤངས་པ་རྨོག་ཅོག་པ་ལ་སོགས་ཀྱི་ཐོག་དྲངས་པའི་གནམ་གྱི་སྐར་མ་ཙམ་བྱོན། བསྟན་པ་དར་ཞིང་རྒྱས་པར་མཛད་དོ། །དྭགས་པོ་རིན་པོ་ཆེའི་གཅུང་པོ། ལྷ་རྗེ་རྡོར་འབར་གྱི་སྲས་པོ་དྭགས་པོ་སྒོམ་པ་ནི།ཐོག་མའི་མཚན་ལ་ཟླ་རྒྱལ་གླིང་། དགུང་ལོ་བཅུ་གཅིག་པ་ལ་བླ་མའི་དྲུང་དུ་ཡོང་། ཆོས་མ་ལུས་པར་ཐོབ། བཅུ་གསུམ་པ་ལ་སྤྲོས་བྲལ་གྱི་རྟོགས་པ་ཤར། བཅུ་དྲུག་པ་ལ་མཁན་པོ་མངའ་རིས་པ་ཤེར་སྙིང་ལ། དགེ་ཚུལ་ཞུས། མཚན་ཚུལ་ཁྲིམས་སྙིང་པོར་བཏགས། བཅོ་བརྒྱད་པ་ལ། སྒོམ་རོ་གཅིག་ཏུ་རྟོགས། ཉི་ཤུ་རྩ་ལྔ་པ་ལ། སྔགས་ཀྱི་མཁན་པོ་དང་སློབ་དཔོན། ཤབ་རྩེ་ཡོན་ཏན་བློ་གྲོས་ལ་སོགས་ལས། བསྙེན་རྫོགས་མཛད། སུམ་ཅུ་རྩ་ལྔ་ནས་གདན་ས་བསྐྱངས་པའི་ལོ་གཉིས་ནས་བླ་མ་གཤེགས། བཀྲ་ཤིས་སྒོ་མང་བཞེངས་ནས། དབུས་སུ་བྱོན། ལྷ་སའི་ཇོ་བོ་རིན་པོ་ཆེའི་ཐུགས་རྗེ་དང་། སྲུང་མས་བསྐུལ་ནས་ལྷ་སའི་གསོ་ཐབས་མཛད། རྒྱ་འབྲིའི་སྡེ་འཁྲུག་བསྡུམས། ཞང་རིན་པོ་ཆེ་ལ་གནས་གཞི་