R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 22
[A:22]བསམ་པ་ཁོ་ན་སེམས་ཀྱིན་བཞུགས་པས། ཡབ་དང་འཁོར་འབངས་ཐམས་ཅད་ཀྱིས་བསླུ་བྲིད་དང་། ཡེངས་ཐབས་སྣ་ཚོགས་བྱེད་ཅིང་། མཚན་མཁན་ན་རེ། ད་སྟེ་ཞག་བདུན་ལ་རྒྱལ་བུ་རབ་ཏུ་མ་བྱུང་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཟེར་བས། ཡབ་དང་ཁུ་བོ་མེས་པོ་འཁོར་བཅས་ཐམས་ཅད་ཀྱིས་ཕོ་བྲང་གི་ཕྱོགས་མཚམས་ཐམས་ཅད་དཔུང་དང་བཅས་ནས་བསྲུངས། བཙུན་མོ་རྣམས་ཀྱིས་ནང་དུ་གླུ་གར་དང་བཀུར་སྟི་ལ་སོགས་པས་ཐུགས་ཡེངས་ཐབས་བྱེད་དོ། །དེ་ནས་ཞག་བདུན་པའི་སྲོད་ལ། རྒྱལ་པོའི་དགོངས་པ་ལ། བདག་གི་བཙུན་མོ་དྲུག་ཁྲི་བླང་པ་ལ་གཅིག་དང་ཡང་མ་འགྲོགས་ན། ཟས་གཙང་གི་སྲས་ཀྱིས་བུད་མེད་བསྟེན་མ་ནུས་པས་དབང་མེད་དུ་རབ་ཏུ་བྱུང་བ་ཡིན་ནོ་ཟེར་བའི་ཡལ་ག་ཡོང་བསམ། དེ་སྤངས་པའི་ཕྱིར། དེ་ནུབ་བཙུན་མོ་དམ་པ་གྲགས་འཛིན་མ་དང་ལྷན་ཅིག་གཟིམས་སོ། །སྲས་སྒྲ་ཅན་འཛིན་ལྷུམས་སུ་ཞུགས་སོ། །ཐོ་རངས་ཀྱི་ཆ་ཟིན་པ་དང་། བརྒྱ་བྱིན་གྱིས་སྐུལ་ནས། རྟ་ངང་པ་གསེར་ལྡན་ལ་ཆིབས་ཡབ་རྒྱལ་པོ་མནལ་དུ་སོང་བ་ལ་བསྐོར་བ་བྱས། ཕྱི་ཕྱག་བཙལ་ནས། འདུན་པས་ཀྱང་རྟ་གཤམ་དུ་བཞོན་པ་དང་། ལྷའི་བུ་བཞིས་རྟའི་རྨིག་པ་རེ་རེ་ནས་བཏེགས་ནས། དཀའ་ཐུབ་ཀྱི་ནགས་ལ་གཏད་དེ། ནམ་མཁའ་ལ་མྱུར་བར་བྱོན་ནོ། །རྒྱལ་སྲིད་ཆོས་བཞིན་བསྐྱངས་པའི་མཛད་པ་སྟེ་ལྔ་པའོ། །དྲུག་པ་ནི། དེར་རྒྱལ་བུ་ནམ་མཁའ་ལ་བྱོན་པ་ལ། གཟུགས་ཁམས་ཀྱི་ལྷ་མན་ཆད། ཚངས་པ་དང་བརྒྱ་བྱིན་ལ་སོགས་པས་བསུས་ཤིང་སྤྲོ་བ་སྐྱེད་པས། ནམ་ཐུན་གཅིག་ན་དཀའ་ཐུབ་ཀྱི་ནགས་མཆོད་རྟེན་རྣམ་དག་དྲུང་དུ་བརྟོལ་ནས། རང་ཉིད་ཀྱི་དབུ་སྐྲ་རང་ཉིད་ཀྱི་གཞར་སྟེ། རབ་དུ་བྱུང་།
འདུན་པ་ལ་རྟ་དང་རྒྱན་