[A:279]སློབ་དཔོན་སྟོན་ཡེས་ལ། ཆོས་སྒོར་ཞུགས། བཅུ་བདུན་པ་ལ། མཁན་པོ་བྱང་སེམས་པ་ལ་དགེ་ཚུལ་ཞུས། མཚན་ཆོས་ཀྱི་ཤེས་རབ་ཏུ་བཏགས། ཉི་ཤུ་པ་ལ་མཁན་པོ་བཟོད་པའི་དྲུང་དུ་བསྙེན་པར་རྫོགས་ནས། གཡོར་སློབ་དཔོན་ཨེ་པ་སོགས་ལ། འདུལ་བ་བསླབས། སློབ་གཉེར་ཐོག་ཅིག་བྱེད་དགོས་དགོངས་པ་ལ། མཆེད་གྲོགས་ལས་སྟོད་འཁྱམས་པོས་བློ་སྒུལ་ནས། སྒོམ་སྒྲུབ་པ་ལ་མོས་ཏེ། སྐྱེར་སྒང་དུ་བྱོན། དབོན་སྟོན་པས་ཤངས་པའི་ཆོས་སྐོར་དང་། ཆིག་རྒྱུད་ཀྱི་གདམས་པ་ཟབ་མོ་ཐམས་ཅད་བུམ་པ་གང་བྱོ་གནང་། ཆོས་སྐྱོང་ལ་བཀའ་བསྒོ་དང་། རི་གོང་དགོན་པ་འདེབས་པ། སྐབས་འདི་ཙམ་ནས་སྤྱོད་པའི་ཚུལ་བཟུང་།སློབ་མ་སྣོད་ལྡན་བཅུ་ཕྲག་ཅིག་ཡོད་པ་དེ། སྐྱེ་བོ་འབུམ་ཕྲག་ཅིག་ལས་ལྷག་གོ་གསུངས་པ་ལ་སོགས་ཀྱི་ལུང་བསྟན་མཛད། བླ་མ་དང་ནམ་མཇལ་དུས། ཐུགས་རྗེ་ཆེན་པོར་རྒྱུན་པར་མཐོང་། བླ་མ་ལས་སྟོད་པ་མགོན་པོ་ཆོས་སྒོ་སྐྱེལ་ལ་བྱུང་།རྨི་ལམ་བཟུང་ནས། ཡི་དམ་དང་ཞིང་ཁམས་མང་པོ་མཐོང་། ཁྱད་པར་གྲུབ་ཆེན་བརྒྱད་ཅུ་ལ་སོགས། ཌཱ་ཀི་མ་མང་པོ་འཛོམས་ནས། ཆོས་ཀྱི་བཟང་བདུན་མཛད་པར་བྱོན། ཡེ་ཤེས་ཀྱི་བདུད་རྩིའི་སྐལ་བ་གསོལ། ལྷ་ཀླུ་བདུད་བཙན་མང་པོ་བཏུལ། བླ་མ་འདིས་དུས་གསུམ་གྱི་སྐྱེ་འགག་གནས་གསུམ་མཁྱེན་ནའང་། བློ་དམན་གྱི་བློར་མི་ཤོང་བས། ལོག་རྟོག་གི་རྒྱུར་སོང་དོགས་བཀའ་རྒྱ་བསྡམས་པས་ན། སྦས་པའི་རྣལ་འབྱོར་ཆེན་པོར་གྲགས་ཞིང་། སྒྲུབ་པའི་རྒྱལ་མཚན་བཙུགས་ནས། འགྲོ་བའི་དོན་རྒྱ་ཆེན་པོ་མཛད་དོ། །བདེ་བར་གཤེགས་དུས། ང་ནི་འདི་ནས་ཤར་ཕྱོགས་མེ་ཏོག་བཀྲམ་པའི་ཞིང་དུ། སངས་རྒྱས་པདྨོའི་དཔལ་ཞེས་པར་འགྱུར་བས། གསོལ་བ་དེར་ཐོབ་ཅིག་གསུངས་སོ། །