R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 280
[A:280]བྲག་དགོན་པ་བ་ཆོས་རྗེ་སངས་རྒྱས་སྟོན་པ་ནི། འཁྲུངས་ཡུལ་ཁ་རག་སིལ་མ། རུས་ཡ་ངལ་དཀར་པོ། རིགས་བོན་པོ་ཡིན་ནའང་། བོན་ལ་ཐུགས་མ་སོང་། གཞོན་ནུ་ནས། མི་རྟག་པ་ཁོ་ན་རྒྱུད་ལ་སྐྱེ་བ་བྱུང་ཞིང་། དགུང་ལོ་བཅུ་པ་ལ་སྤྲུལ་སྐུའི་དབང་བསྐུར་ལུང་བསྟན། བཅུ་གསུམ་པ་ལ་བླ་མ་ཙཱ་རི་རས་པ་ལ་རབ་ཏུ་བྱུང་། མཚན་བརྩོན་འགྲུས་སེང་གེར་བཏགས། སློབ་དཔོན་སྡིགས་[སྲེགས]དང་། སུམ་པ་རས་པ། བླ་མ་ས་སྐྱ་པ། བླ་མ་ཁྲོ་ཕུ་པ་ལ་སོགས། མཁས་གྲུབ་མང་དུ་བསྟེན། གདམས་པ་དཔག་མེད་ཞུས། བཅུ་དགུ་པ་ལ། སློབ་དཔོན་ཆོས་རྒྱལ་བ་ལ་བསྙེན་རྫོགས་ཞུས། དེར་རྟིང་སློབ་དཔོན་རྔོག་སྟོན་གྱི་ལུང་བསྟན་པ་བཞིན་ཡོལ་བུ་རི་གོང་དུ་བྱོན་པས། བླ་མ་གཉན་སྟོན་མཉེས་ནས། དབང་བསྐུར་ཤངས་པའི་ཆོས་སྐོར་ཐམས་ཅད། ཆིག་རྒྱུད་ཀྱི་གདམས་པ་དང་བཅས་པ་བུམ་པ་གང་བྱོ་དབུས་སྙུང་བཞེས་ནས་གནང་། ཆོས་སྐྱོང་ལྕམ་དྲལ་ལ་མི་ལབ་པ་བཞིན་དུ་ངོ་སྤྲད། བཀའ་བསྒོ་མཛད། དེ་ནས་ཆོས་དྲུག་གི་འཁྲིད་བསྐྱངས་པས། ཞག་ཉི་ཤུ་རྩ་ལྔ་ལ། སྤྲུལ་སྒྱུར་སྦྱོངས་སྤེལ་ཐུབ་པ་བྱུང་བས། བླ་མའི་ཞལ་ནས། སྔར་རྒྱ་གར་གྱི་གྲུབ་ཐོབ་རྣམས་ལས། བླ་མ་ཁྱུང་པོ་ཉམས་རྟོགས་བཟང་བར་གྲགས། དེ་ལས་རིམ་གྱི་བཟང་དུ་སོང་ཟེར། ང་ལས་ནི་ཁྱེད་དགེ་སྦྱོར་བཟང་བར་འདུག་པ། འདི་འདྲའི་དགེ་སྦྱོར་སྐྱེ་ལུགས་ད་ལྟ་རྒྱ་བོད་གང་ནའང་མེད། ཁྱེད་ཀྱི་འགྲོ་དོན་རྒྱ་ཆེན་པོ་འགྲུབ་པ་འདུག་གསུངས་ཤིང་། ལུང་བསྟན་ཞལ་གདམས་མང་པོ་གནང་ངོ་། །དེ་ལྟར་བསྒོམས་པས་བླ་མ་ཡི་དམ་མཁའ་འགྲོ་མང་པོའི་ཞལ་མཐོང་། ཆོས་གནང་། བྲག་དགོན་དུ་ལོ་གཅིག་དབུ་སྔས་ལ་མ་བཞག་པར་སྒོམ་པས་ཟད་པར་གྱི་ཏིང་ངེ་འཛིན་རྣམས་རྒྱ་ཆེན་པོ་དང་།