R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 281
[A:281]སངས་རྒྱས་ཞིང་ཁམས་གང་མོས་སུ། རྨི་ལམ་བཟུང་ནས་ཕྱིན་ཆོག་པ་བྱུང་། གནོད་བྱེད་མང་པོ་རྨི་ལམ་དུ་བཏུལ། ཆོས་སྐྱོང་འཁོར་ལ་སྡིག་མ་གསོག་ཟེར་བའི་ཁ་མནན་གང་ཐུབ་བྱས། སྨན་ལུང་སུ་སྙུང་ནས་གྲོངས་ལ་ཐུག་པའི་དུས། ཚ་དྲགས་བྲག་རིང་གི་བཙན་གྱི། བལ་ཡུལ་ནས་སྨན་བླངས་ནས་ཕུལ་བ་དང་། ཐུགས་དམ་རྩེ་གཅིག་མཛད་པས། སྙུང་བ་ལས་གྲོལ་ཅིང་། སྒྲུབ་རྒྱུད་ཀྱི་བསྟན་པ་དར་བར་མཛད་དོ། །བླ་མ་འདིའི་རྗེས་ལ། ཆིག་རྒྱུད་ཀྱི་བཀའ་རྒྱ་ཁྲོལ་ཏེ། ཁོང་གི་སློབ་མ་ཆོས་རྗེ་ཤངས་སྟོན་དང་། མཁས་བཙུན་གཞོན་ནུ་གྲུབ་ལ་སོགས།མཁས་གྲུབ་མང་དུ་བྱོན་ཅིང་། སློབ་མའི་མཆོག་གྲུབ་ཐོབ་བརྒྱ་རྩ་བརྒྱད་གྲགས་པས། ཆོས་རྒྱུད་ཉིན་མོ་ལྟར་ཕྱོགས་ཀུན་དུ་གསལ་ལ། དར་ཞིང་རྒྱས་པར་མཛད་པ་ལགས་སོ། །རྒྱུད་པ་རིན་ཆེན་བདུན་མ་འདི་བྲིས་པས། །དགེ་ཚོགས་རིན་ཆེན་ཕྱོགས་བཅུ་ཀུན་ཁྱབ་སྟེ། དལ་འབྱོར་རིན་ཆེན་ཐོབ་པའི་མི་རྣམས་དང་། འགྲོ་ཀུན་རིན་ཆེན་བརྩོན་འགྲུས་ཉིད་གྱུར་ཅིག། །།