[A:285]ཟླུམ་པོ་ཡིན། །མཐའ་སྐོར་དག་ལ་དཔག་ཚད་བདུན་སྟོང་དང་། །ལྔ་བརྒྱ་ཡོད་ཅིང་ལྷོ་ན་གཡོ་ལྡན་དང་། །བྱང་ན་ལམ་མཆོག་འགྲོ་ཡོད་དེ་ཡི་མིང་། །ཕལ་ཆེར་བ་གླང་རིན་ཆེན་ལོངས་སྤྱོད་པས། །བ་གླང་སྤྱོད་ཞེས་གྲགས་པ་དེ་ཡི་ཕྱིར། །རི་བདུན་གླིང་རྣམས་རི་བོ་ཐམས་ཅད་ཀྱང་། །རི་རབ་དང་མཚུངས་ཐུར་དུ་བརྒྱད་ཁྲི་ཟུག །རི་རབ་མཚོ་སྟེང་ཡན་ལ་བང་རིམ་བཞི། །འོག་མའི་ངོས་དེར་དཔག་ཚད་ཁྲི་དྲུག་སྟོང་། །གོང་མའི་རིམ་བཞིན་ཕྱེད་དེ་ཞུམ་པའོ། །སྟེང་ཕྱོགས་དཔག་ཚད་བཞི་ཁྲི་མེ་ཤེལ་ལའང་། །ཉི་མའི་དཀྱིལ་འཁོར་ཐད་ཀར་དཔག་ཚད་གྲངས། །ལྔ་བཅུ་རྩ་གཅིག་མཐའ་སྐོར་ཆིག་བརྒྱ་དང་། །ལྔ་བཅུ་རྩ་གསུམ་དཔངས་ལ་དཔག་ཚད་དྲུག །བཅོ་བརྒྱད་ཆ་གཅིག་ཡོད་པ་བར་སྣང་གནས། །མཐུག་རྔམས་དེ་བཞིན་ཆུ་ཤེལ་ལས་གྲུབ་པ། ཟླ་བའི་དཀྱིལ་འཁོར་ཐད་ཀར་ལྔ་བཅུ་དང་། །མཐའ་སྐོར་དཔག་ཚད་ཕྱེད་དང་ཉིས་བརྒྱའོ། །སྐར་མ་རིན་ཆེན་སྣ་ཚོགས་ལས་གྲུབ་མང་། །ཟླུམ་པོ་ཆུང་ཚད་རྒྱང་གྲགས་གཅིག་དང་ནི། །འབྲིང་གསུམ་ཆེ་བ་ལ་དྲུག་མཐའ་སྐོར་ལ། །རང་རང་ཐད་ཀའི་གསུམ་འགྱུར་དག་ཏུ་འདོད། །འདི་ནས་དཔག་ཚད་ལྔ་ཡན་རི་རབ་ཀྱི། །རྩེ་མན་གནས་ཤིང་གྲངས་ཀ་དུང་ཕྱུར་གཉིས། །བྱེ་བ་ཕྲག་བརྒྱད་ས་ཡ་ལྔ་རུ་བཞེད། །བཅུད་ཀྱི་སེམས་ཅན་སྨིན་ཚུལ་སྟོང་གསུམ་འདི། །བསྐལ་བ་མེས་བཤིག་རྗེས་ལ་འོད་གསལ་གྱི། །ལྷ་ནས་རིམ་གྱིས་ཚེ་འཕོས་ཚངས་རིས་སླེབས། །འཇིག་རྟེན་སྤྱི་ལས་ཚངས་པ་བྱ་བ་བྱུང་། །དེ་ནི་ལྷ་ནས་རིམ་རྒྱུད་སྒྲ་མི་སྙན། །བ་གླང་སྤྱོད་དང་ལུས་འཕགས་འཛམ་གླིང་སྐྱེས། །དུད་འགྲོ་ཡི་དྭགས་དམྱལ་བ་མཐར་ཐུག་ཏེ། །དམྱལ་བ་ཞེས་བྱ་འཇམ་གླིང་འདིའི་འོག་ཏུ། །དཔག་ཚད་སྟོང་ཕྲག་ཉི་ཤུ་གྲུ་བཞིར་གནས། །ཡི་དྭགས་གནས་