R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 286
[A:286]པ་རྒྱལ་པོའི་ཁབ་ཀྱི་འོག །དཔག་ཚད་ལྔ་བརྒྱར་གྲོང་ཁྱེར་སེར་སྐྱ་ན། །ཡི་དྭགས་གཙོ་བོ་གཤིན་རྗེ་ཆོས་རྒྱལ་ཡོད། །དུད་འགྲོ་ཕལ་ཆེར་ཕྱི་ཡི་རྒྱ་མཚོར་གནས། ཁ་འཐོར་བ་རྣམས་ལྷ་མིའི་ཡུལ་ནའང་ཡོད། །མི་རྣམས་གླིང་བཞི་གླིང་གཡོག་བརྒྱད་པོ་དང་། །གསེར་གླིང་ལ་སོགས་གླིང་ཕྲན་གཞན་ནའང་གནས། །ལྷ་མིན་གནས་པ་རི་རབ་མཚོར་བྱིང་བའི། ཁོང་སེང་ལ་ཡོད་མཐུར་ལ་རིམ་པ་བཞིན། །གནས་བཟང་ཆང་གི་ལྟུང་བ་མེད་པ་ཙམ། །མ་རྟོགས་ལྷ་དང་ལོ་ངོ་མཉམ་འདྲར་བཤད།ཁམས་གསུམ་སེམས་ཅན་དབྱེ་བ་འདི་ལྟ་ཏེ། །མནར་མེད་དམྱལ་བ་ཡི་དྭགས་དུད་འགྲོ་དང་། །མི་དང་ལྷ་མིན་འདོད་པའི་ལྷ་དྲུག་མན། །འཁྲིག་པ་ཟས་ནོར་ཆགས་པས་འདོད་ཁམས་ཟེར། །ལྷ་དྲུག་འོག་མ་རྒྱལ་ཆེན་རིགས་བཞིའི་འཁོར། །རི་རབ་བང་རིམ་དང་པོར་གཞོང་ཐོགས་དང་། །གཉིས་པར་འཕྲེང་ཐོགས་གསུམ་པར་སྟག་ཉོས་གནས། །བཞི་པའི་ལྷ་དང་གཉའ་ཤིང་འཛིན་རི་ཡི། །ཤར་ཕྱོགས་ཡུལ་འཁོར་སྲུང་ན་ཡུལ་འཁོར་སྲུང། །བྱང་ཕྱོགས་ལྕང་ལོ་ཅན་ན་རྣམ་ཐོས་སྲས། །ནུབ་ཕྱོགས་སྣ་ཚོགས་གཟུགས་ན་མིག་མི་བཟང་། །ལྷོ་ཕྱོགས་འཕགས་སྐྱེས་པོ་ན་འཕགས་སྐྱེས་རྒྱལ། །ཉི་ཟླ་སྐར་མ་ལྕགས་རི་འཛམ་གླིང་གི། རི་དང་ལྗོན་ཤིང་ལ་གནས་ལྷ་ཚོགས་རྣམས། །རྒྱལ་ཆེན་རིགས་བཞིར་ཆ་སྟོང་སྡེ་ཚན་གཅིག།དེར་རྟིང་རི་རབ་ཟུར་བཞིའི་ལྕོག་དེ་ལ། །འཕང་དུ་དཔག་ཚད་ཕྱེད་དང་ལྔ་དེ་འཕགས། །ཆུ་ཞེང་བརྒྱ་དང་ཉི་ཤུ་རྩ་ལྔ་རེ། །མཐའ་སྐོར་དཔག་ཚད་ལྔ་བརྒྱས་སྐོར་བ་ན། །གནོད་སྦྱིན་གསང་བ་པ་རྣམས་གནས་པར་བཤད། །དེ་ཡི་དབུས་ན་སུམ་ཅུ་རྩ་གསུམ་ནི། །གསེར་ལས་གྲུབ་པའི་གྲོང་ཁྱེར་ལྟ་ན་སྡུག །དཔག་ཚད་ཕྱེད་དང་གཉིས་འཕགས་ངོས་རེ་ལ། །ཉིས་སྟོང་ལྔ་བརྒྱ་མཐའ་མ་ཁྲིས་འཁོར་