[A:24]ནས་ཡང་གཤེགས་པའི་ལམ་དུ། རྩྭ་ཚོང་བཀྲ་ཤིས་ཀྱིས་ཕུལ་བའི་རྩྭ་རྡོ་རྗེ་གདན་གྱི་སྤོ་ལ་བྱང་ཆུབ་ཀྱི་ཤིང་དྲུང་དུ་གདན་ལ་བཏིང་ནས། ཇི་སྲིད་ཟག་མེད་མ་ཐོབ་བར། དེ་སྲིད་སྐྱིལ་ཀྲུང་གཤིག་མི་བྱ། །གསུངས་ནས། སྲོད་ལ་ལྷའི་བུའི་བདུད་བཏུལ། ནམ་གུང་རབ་མཐའི་ཏིང་ངེ་འཛིན་མངོན་དུ་མཛད། ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་སོ། །
གསང་སྔགས་བླ་མེད་པ་རྣམས་ཀྱིས་བྱང་སེམས་ཀྱི་ཏིང་ངེ་འཛིན་གྱི་ངང་དེ་ལས་འོག་མིན་དུ་བྱོན་ནས། མངོན་པར་བྱང་ཆུབ་ལྔའི་སྟོང་པ་ཉིད་ལས་བྱང་ཆུབ་པ། གདན་པད་ཉི་ལས་བྱང་ཆུབ་པ། གསུང་ཡིག་འབྲུ་ལས་བྱང་ཆུབ་པ། ཐུགས་ཕྱག་མཚན་ལས་བྱང་ཆུབ་པ། སྐུ་ཡོངས་རྫོགས་ལས་བྱང་ཆུབ་པའོ། །གདམས་པ་ཞུས་མ་ཐག་ཏུ་དེ་ལྟར་སྒོམ་པ་དང་། ས་བཅུ་གཅིག་པ། བཅུ་གཉིས་པ། བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་སྟེ་སངས་རྒྱས་སྐད། འདི་ནི་རྡོ་རྗེ་གདན་དུ་སངས་རྒྱས་ཟེར་བ་དང་ཡང་མི་འགལ་ལོ། །ངེས་པར་འོག་མིན་དུ་སངས་རྒྱས་པ་ནི། སྟུག་པོ་བཀོད་པའི་མདོ་ལས། སངས་རྒྱས་ཐམས་ཅད་འོག་མིན་དུ། །སངས་རྒྱས་པར་ནི་མ་གྱུར་ན། །འདོད་ཁམས་གཟུགས་ཁམས་རྣམས་སུ་ནི། །སངས་རྒྱས་པར་ནི་མི་མཛད་དོ། །ཞེས་བཤད་པ་བཞིན་ནོ། །
མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་སྟེ་བརྒྱད་པའོ། །དགུ་པ་ནི། དེ་ལྟར་སངས་རྒྱས་མ་ཐག་ཏུ། འདུལ་དཀའ་བའི་སྐྱེ་བོས་ཟབ་མོའི་ཆོས་ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཞིག་ཁོ་བོས་བརྙེས། །སུ་ལ་བསྟན་ཀྱང་གོ་བར་མི་འདུག་པས། །མི་སྨྲ་ནགས་ཀྱི་ནང་དུ་གནས་པར་བྱེད། །ཅེས་གསུང་ནས་ཆོས་མ་གསུངས།
གོ་དཀའ་ལ། རང་ཉམས་སུ་བླང་བར་བྱའོ་དགོངས་ནས། ཞག་བཞི་བཅུ་ཞེ་དགུའི་བར་ལ་ཆོས་མ་གསུངས་སོ། །དེའི་རྗེས་ལྷ་ཚངས་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པས། གནང་ཏེ་འཁོར་རྣམས་བསྡུ་བའི་ཕྱིར། གྷཎྜི་བརྡུང་བའི་སྒྲ་ལ། སངས་རྒྱས་སློབ་མར་གྱུར་པ་གང་སུ་དག།