R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 25
[A:25]དེང་འདིར་སྟོན་པས་ཆོས་ཀྱི་ཆར་འབེབས་ཀྱིས། །གང་དག་ཉན་པར་འདོད་རྣམས་འདིར་བྱོན་ལ། །ཟབ་མོ་རྒྱལ་བའི་བཀའ་ལ་ཉོན་ཅིག་ཨང་། །ཞེས་པའི་སྐད་གསལ་བར་བྱུང་ཞིང་། ཐོག་མར་ཝཱ་ར་ཎ་སིར་འཁོར་ལྔ་སྡེ་བཟང་པོ་ལ་སགས་ཐེག་དམན་གྱི་གང་ཟག་རྣམས་ལ།
ཆུ་སྟོད་ཟླ་བའི་ཚེས་བཞི་ནས།
བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་རོ། །
གསུམ་ནི་དང་པོ་སྒྲུབ་པའི་འཁོར་ལོ། །བར་དུ་ཆད་པས་བཅད་པའི་འཁོར་ལོ། ཐ་མ་རུང་མཐུན་གྱི་འཁོར་ལོའོ
། །འཁོར་ལྔ་སྡེ་པོ། ཡེ་ཤེས་ཁོང་ཆུད་ཀྱི་བསྙེན་པར་རྫོགས་པར་གྱུར་ཅིང་། ཀུན་ཤེས་ཀཽཎྜི་ནྱས་དགྲ་བཅོམ་པའི་འབྲས་བུ་ཐོབ། གཞན་བཞི་པོ་ཡང་ཟག་པ་ལས་སེམས་གྲོལ་ལོ། །འཁོར་ལྔ་
ཀུན་ཤེས་ཀཽཎྜི་ནྱ། རྟ་ཐུལ། མིང་ཆེན། གླང་པོ། བཟང་ལྡན་ནོ
། །པོས་ཆོས་གོས་ལྡུམ་པོ་གོན་མ་ཤེས་པ་འོད་གསལ་གྱི་ལྷས་བརྡ་བསྟན་ཏོ། །ཆོས་འཁོར་གཉིས་པ། བྱ་རྒོད་ཕུང་པོའི་རི་ལ། རབ་འབྱོར་དང་། ཤ་རིའི་བུ་ལ་སོགས་པ། འཁོར་དགྲ་བཅོམ་པ་དང་། བྱང་སེམས་མང་པོ་ལ། ཐེག་པ་ཐུན་མོང་མ་ཡིན་པའི་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལ་བསྐོར་རོ། །ཆོས་འཁོར་གསུམ་པ། རི་མ་ལ་ཡ་དང་། ཡངས་པ་ཅན་ལ་སོགས་པར། དོན་དམ་ཡང་དག་འཕགས་ལ་སོགས། འཁོར་རྣམ་བཞིའི་བྱང་སེམས་བསམ་གྱིས་མི་ཁྱབ་པ་ལ། ཐེག་པ་ཐུན་མོང་དང་ཐུན་མོང་མ་ཡིན་པ། དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །དེའི་སྐབས་ཤིག་ཏུ། ཡབ་རྒྱལ་པོ་ཟས་གཙང་ཡང་དགེ་བ་ལ་བསྐུལ་བའི་དུས་ལ་བབས་པར་མཁྱེན་ནས། ཚེ་དང་ལྡན་པ་འཆར་ཀ ཡབ་རྒྱལ་པོའི་དྲུང་དྲུ་བཏང་། བརྡ་སྦྱར་ཏེ། ཤིང་ནྱ་གྲོ་ཏའི་ཀུན་དགའ་ར་བར། ཡབ་སྲས་མཇལ་ནས། འདུས་པའི་འཁོར་རྣམས་ལ་ཆོས་བསྟན་ཅིང་། ཡབ་ཀྱི་རྒྱང་ནས་གུས་པའི་ཕྱག་འཚལ།