[A:287]བའི། །ལྕགས་རི་དང་བཅས་དེ་དབུས་ལྷའི་གནས། །རྣམ་རྒྱལ་ཁང་བཟངས་གྲུ་བཞི་གྱེན་ཕྱོགས་ལ། །དཔག་ཚད་ཕྱེད་དང་ལྔ་འཕགས་ངོས་རེ་ལ། །ཉི་བརྒྱ་ལྔ་བཅུ་རེ་ཡོད་དེ་དག་ན། །ནོར་ལྷ་མཆེད་བརྒྱད་དྲག་པོ་བཅུ་གཅིག་དང་། །ཉི་མ་བཅུ་གཉིས་མཐའ་སྐར་བུ་གཉིས་ཏེ། །དབང་པོ་ཉེར་དབང་སུམ་ཅུ་རྩ་གསུམ་དག །ཡོད་ཕྱིར་ལྷ་གནས་སུམ་ཅུ་རྩ་གསུམ་ཟེར། །བརྒྱ་བྱིན་བཙུན་མོའི་སྡེ་སོགས་ལྷ་དབང་ནི། །ལྷ་མིན་བུ་མོ་རྣམས་དང་རྣམ་པར་རོལ། །དེ་སྟེང་དཔག་ཚད་བརྒྱད་ཁྲི་འཐབ་བྲལ་གནས། །ཚད་ནི་རི་རབ་ངོས་ལས་ཉིས་འགྱུར་ཆེ། །དེ་ཡན་འཐབ་རྩོད་དང་བྲལ་འཐབ་བྲལ་ཞེས། །དེ་ནས་དཔག་ཚད་དྲུག་ཁྲི་འཕགས་པ་ན། །དགའ་ལྡན་ལྷ་གནས་འཐབ་བྲལ་གཉིས་འགྱུར་ཆེ། །བྱམས་མགོན་ཐེག་ཆེན་སྐྱོང་བས་དགའ་ལྡན་ཟེར། །དེར་སྟེང་དཔག་ཚད་གསུམ་འབུམ་ཉི་ཁྲི་ན། །འཕྲུལ་དགའི་ལྷ་གནས་དགའ་ལྡན་ཉིས་འགྱུར་ཆེ། །རང་གི་སྤྲུལ་ནས་སྤྱོད་པས་འཕྲུལ་དགའ་ཟེར། །དེར་སྟེང་དཔག་ཚད་དྲུག་འབུམ་བཞི་ཁྲི་ན། །གཞན་འཕྲུལ་དབང་བྱེད་འཕྲུལ་དགའི་ཉིས་འགྱུར་ཆེ། །གཞན་གྱི་སྤྲུལ་པའི་ལོངས་སྤྱོད་དཔག་མེད་ལ། །བདེ་བར་སྤྱོད་པས་གཞན་འཕྲུལ་དབང་བྱེད་ཟེར། །དེ་མན་འདོད་པའི་ལྷ་དྲུག་འདོད་ཁམས་ཡིན། །དེར་སྟེང་གཟུགས་ཁམས་ལྷ་རིགས་བཅུ་བདུན་ནི། །བསམ་གཏན་བཞིས་བསྡུས་དང་པོ་ཚངས་རིས་དང་། །འདུན་ན་འདོན་དང་ཚངས་པ་ཆེན་པོའོ། །གཉིས་པ་འོད་ཆུང་ཚད་མེད་འོད་གསལ་ལོ། །གསུར་པ་དགེ་ཆུང་ཚད་མེད་དགེ་རྒྱས་སོ། །བཞི་པ་དག་ལ་རྣམ་པ་བརྒྱད་དུ་འབྱེད། །སྤྲིན་མེད་བསོད་ནམས་སྐྱེས་དང་འབྲས་བུ་ཆེ། །དེ་མན་སོ་སོ་སྐྱེ་བོའི་གནས་གཞན་ཡིན། །མི་ཆེ་མི་གདུང་གྱ་ནོམ་སྣང་བ་དང་། །ཤིན་ཏུ་མཐོ་བ་འོག་མིན་གནས་དང་ལྔ། །